དཀར་གཙང་ཁ་བཏགས་ལས་ཧུའུ་པེའི་མི་དམངས་ལ་ཟོལ་མེད་ཀྱི་སྨོན་འདུན་ཞུ་ལུགས་མཚོན་པ།

—— མཚོ་སྔོན་གྱི་ཁག་དང་པོའི་སྨན་དོན་མི་སྣ་135ཧུའུ་པེར་རོགས་སྐྱོར་དུ་བསྐྱོད་པའི་སྐོར་བཀོད་པ།

 ཟླ1ཚེས28ཉིན་གྱི་ཕྱི་དྲོར། ས་མཐོའི་དྲོ་ཞིང་འཇམ་པའི་ཉི་འོད་ཟི་ལིང་ཚའོ་ཅཱ་པའོ་རྒྱལ་སྤྱིའི་གནམ་ཐང་དུ་འཕྲོས་ཤིང་། མཚོ་སྔོན་མི་དམངས་སྨན་ཁང་དང་། མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་བཅས་ཚུད་པའི་སྨན་བཅོས་སྒྲིག་གཞི་16གི་སྨན་དོན་པ་135འདི་གར་འཛོམས་ནས་ཧུའུ་པེར་རོགས་སྐྱོར་དུ་བསྐྱོད་པ་རེད།

ཝང་མེ་དབྱིང་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་འགོ་ནད་དོ་དམ་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཡིན་པ་དང་། ནད་སྐྱོང་ལས་ཀ་བྱས་ནས་ལོ་28སོང་བའི་ཁོང་གིས་དཔྱིད་གསར་དུས་ཆེན་སྐབས་སྨན་ཁང་དུ་ལས་གནས་བརྟན་སྲུང་བྱས་ནས་བསྡད། འཕྲལ་སྡོམ་སྨན་བཅོས་རུ་ཁག་འཛུགས་པའི་ཆ་འཕྲིན་འབྱོར་མ་ཐག ཁོང་གིས་མིང་ཐོ་བཀོད། “ལུས་པོ་ས་མཐོར་གནས་ཀྱང་སེམས་པ་ཝུའུ་ཧན་ལ་བཅངས་ཡོད། འཐབ་ས་དང་པོའི་སྨན་དོན་པ་ཞིག་ཡིན་པའི་ ང་ཚོས་དཔའ་ངར་ཆེར་བསྐྱེད་ཀྱིས་རང་ནུས་གང་ཡོད་སྐྱེས་སུ་འབུལ་དགོས་ངེས་རེད”ཅེས་ཝང་མེ་དབྱིང་གིས་བརྗོད།

“རིམས་ནད་ནི་བཀའ་རྒྱ་ཡིན་པ་དང་། འགན་འཁྲི་རི་བོ་ཐའེ་ཧྲན་ལས་ལྕི་བས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ཡིན”ཞེས་ཚང་མས་བརྗིད་རྔམ་ལྡན་པའི་དམ་བཅའ་བཞག རྡོག་ཐོན་མ་བྱས་གོང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་སྨན་བཅོས་རུ་ཁག་གིས་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས། ཏང་ལོ་21སླེབས་པའི་ཀྲང་ཧྥང་ཏང་ཀྲི་པུའི་ཧྲུའུ་ཅིར་བསྐོས། “ང་ཚོའི་སྨན་བཅོས་རུ་ཁག་ལ་ཁྱོན་ཏང་ཡོན་5ཡོད་པ་དང་། ད་ཐེངས་ཀྱི་རོགས་སྐྱོབ་ཁྲོད་ང་ཚོས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ། སྨན་དོན་པ་ཚོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཡིད་ཆེས་བརྟན་དུ་བཏང་ཐོག རོགས་སྐྱོབ་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན”ཞེས་ཀྲང་ཧྥང་གིས་བརྗོད།

ཀྲང་ཧྥང་ནི་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ཐུང་ཅི་གསོ་རིག་སློབ་གླིང་ནས་ཐོན་པ་དང་། རིམས་ནད་ཚབས་ཆེ་ཤོས་ཀྱི་ཝུའུ་ཧན་ཞེ་ཧོ་སྨན་ཁང་ནི་ཁོང་དེ་སྔ་དངོས་སྦྱོང་བྱེད་སའི་སྨན་ཁང་རེད། “ང་རང་ངེས་པར་དུ་འགྲོ་གི་ཡིན། ངའི་དེ་སྔའི་དགེ་རྒན་དང་སློབ་གྲོགས་ཚོ་དང་ལག་གདང་དཔུང་འབྲེལ་གྱིས་དམག་འཐབ་བྱ་རྒྱུ་ཡིན”ཞེས་ཀྲང་ཧྥང་གིས་བརྗོད།

ཀྲང་ཧྥང་གིས་ངོ་སྤྲོད་བྱས་པར། མཚོ་སྔོན་ཞིང་ཆེན་སྨན་བཅོས་རོགས་སྐྱོར་རུ་ཁག་ནི་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས་རུ་སྣེ་ཁྲིད་པ་དང་འགོག་སྲུང་གྱོན་གོས་དང་། ལག་ཤུབས། མིག་ཤེལ་བཅས་དང་། དེ་བཞིན་སྨན་རྫས་ཁག་གཅིག་གྲ་སྒྲིག་བྱས་ཡོད། ཧུའུ་པེར་འབྱོར་རྗེས། ས་གནས་ཀྱི་སྨན་པར་གཞོགས་འདེགས་བྱས་ཏེ་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་ན་ཚ་ལྟ་རོགས་བྱ་རྒྱུ་ཡིན་པ་མ་ཟད། ཚབས་ཆེན་ནད་པར་སྨན་བཅོས་བྱེད་མཁན་སྨན་པར་རོགས་སྐྱོར་བྱ་རྒྱུ་རེད།

ལོ་27ལ་སླེབས་པའི་ཧྲེན་མེ་དབྱིང་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་དོས་དྲག་ཁོག་ནད་ཚན་ཁག་ནས་ཡིན་པ་དང་། ཁོང་གིས་ལོ་གཅིག་དང་ཟླ་བ་བཅུ་ལ་སླེབས་པའི་ཕྲུ་གུ་ཕ་མར་བཅོལ་ནས་བརྩེ་བ་ཟབ་མོ་བློས་གཏོང་གིས་འཐབ་ས་དང་པོར་བསྐྱོད། “ནང་མིས་ང་རང་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག འོན་ཀྱང་ངའི་ཨ་མས་ཤེས་ཀྱི་མ་རེད། ཁོང་གི་བསམ་པར་ང་རང་ལས་དུས་འཕར་མ་བྱེད་བཞིན་བསྡད་ཡོད་ཤག་རེད། ཁོང་གིས་ང་ལ་སེམས་ཁྲལ་བྱས་ཡོང་སྙམ་གྱི་འདུག”ཅེས་ཧྲེན་མེ་དབྱིང་གིས་དགོད་འཚེར་འཚེར་དུ་བཤད་ནའང་མིག་ཟུང་མཆི་ཞག་གིས་འཁོར་ནས་འདུག

གནམ་ཐང་བབས་ཚུགས་སུ་སྐྱེལ་མར་ཡོང་མཁན་ལས་རོགས་དང་ནང་མིས་ཁེངས་ཡོད་པ་དང་། མི་ཚོགས་ཁྲོད་འཐམ་འཁྱུད་བྱེད་པ་དང་། མངགས་ཆ་བྱེད་པ། མཉམ་པར་རྒྱག་པ་བཅས་ཞལ་གྱེས་ཞུ་བའི་རྣམ་པ་ཟབ། “ང་ཚོས་མཛེས་མ་དྲུག་ལ་ཁ་བཏགས་དྲུག་ཆེད་མངགས་གྲ་སྒྲིག་བྱས་ཡོད། དཀར་གཙང་ཁ་བཏགས་ལས་ཧུའུ་པེའི་མི་དམངས་ལ་ཟོལ་མེད་ཀྱི་སྨོན་འདུན་ཞུ་ལུགས་མཚོན་ཡོད་ལ། ཁོང་ཚོའང་ལས་འགན་ལེགས་གྲུབ་ཟིན་ནས་བདེ་ཐང་ངང་ཕྱིར་ལོག་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གི་ཡོན་ཀྲང་ཝང་ཁུན་གྱིས་བརྗོད།

ཝང་ཁུན་གྱིས། མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གིས་གྲོས་འདོན་ཡི་གེ་བཀྲམ་མ་ཐག་ཁྱོན་སྨན་དོན་པ་170ཡིས་རང་འགུལ་ངང་མིང་ཐོ་བཀོད་པ་དང་། སྨན་ཁང་གིས་ལས་ཀའི་དགོས་མཁོར་གཞིགས་ཏེ། ལས་སྒོའི་རྐང་འཛིན་པ་བུ་མོ་དྲུག་བདམས་ནས“འཐབ་རུ་སྟོབས་ཆེ་ཤོས”བཙུགས་ཏེ་ཧུའུ་པེར་བཏང་བ་རེད་ཅེས་བརྗོད།

སྨན་བཅོས་རུ་མི་135ཡོད་པའི་ནང་ཁག་གཅིག་གིས་ཆེད་མངགས་སྐྲ་འབྲེག་པ་དང་། ཁག་གཅིག་གིས་བསྟུད་མར་ལས་རེས་ཐེངས་མང་བྱས་ཀྱང་སྔར་བཞིན་འཐབ་ས་དང་པོར་བསྐྱོད་པ། ཁག་གཅིག་གིས་ནང་མིར་གསང་བ་བྱས་ནས་མིང་ཐོ་འགོད་པ་སོགས་བྱས་ཏེ། ཁོང་ཚོས་ཧུའུ་པེའི་མི་དམངས་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་དེར་རྒྱལ་ཁ་ལེན་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།