ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བཟང་པོར་སྒྲུབ་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་བླང་བྱ་གཞིར་བཟུང་ནས། མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《ཁ་ནད་སྨན་བཅོས་ལས་ཁུངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཕྱོགས་སྟོན》པར་འགྲེམས་བྱས་ཤིང་། ཁ་ནད་སྨན་བཅོས་ལས་དོན་མི་སྣའི་སྔོན་བཤེར་དབྱེ་འབྱེད་སྨན་བཅོས་དང་མི་སྒེར་གྱི་འགོག་སྲུང་ལས་དོན་སྔར་བས་བཟང་པོ་བསྒྲུབས་ནས་སྨན་བཅོས་ལས་དོན་མི་སྣ་དང་ནད་པའི་བདེ་འཇགས་ལ་འགན་ལེན་བྱས་པ་རེད།
《ཕྱོགས་སྟོན》གྱི་ནང་གནས་ཚུལ་མི་འདྲ་བའི་འོག་ཁ་ནད་སྨན་བཅོས་ལས་དོན་མི་སྣའི་མི་སྒེར་གྱི་འགོག་སྲུང་རིམ་པ་དང་བླང་བྱ་གསལ་བོ་བཏོན་པ་དང་། ནད་གཞི་དང་འབྲེལ་བ་དམ་ཟབ་ཡོད་པའི་ནད་པ་དབྱེ་འབྱེད་དང་ཁ་ནད་ཐག་གཅོད་ལས་དོན་གྱི་རྩ་དོན་བཏོན་པ་མ་ཟད། སྔོན་བཤེར་དབྱེ་འབྱེད་དང་ནད་བརྟག་སྨན་བཅོས་བྱེད་སྐབས་ཀྱི་འགོག་སྲུང་ལ་ཞིབ་ཕྲའི་བྱེད་ཐབས་བཟོས་པ་རེད། དེ་དང་ཆབས་ཅིག་ནད་བརྟག་སྨན་བཅོས་མཇུག་སྒྲིལ་རྗེས་གཙང་སྦྲ་དུག་སེལ་དང་ཚབས་མི་ཆེ་བའི་ནད་པར་དུས་འདེམས་སྨན་བཅོས་བྱེད་པའི་ནང་དོན་ཐད་ཞིབ་ཕྲའི་བླང་བྱ་བཏོན་ཡོད་པ་རེད།
《ཕྱོགས་སྟོན》པར་འགྲེམས་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་ཁ་ནད་སྨན་བཅོས་ལས་ཁུངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ཏེ། ཏོག་དབྱིབས་ནད་དུག་གསར་པ་མཁའ་དབུགས་བརྒྱུད་ནས་ལུས་པོའི་སྟེང་འགོ་བ་དང་འཇུ་ལམ་ལམ་བརྒྱུད་ནས་འགོས་ཁྱབ་བྱེད་པ་བཀག་འགོག་དང་ནད་དུག་ཁ་ནད་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་གང་སར་མཆེད་པ་བཀག་འགོག་བྱ་རྒྱུ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་རེད།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་གྱིས་ཁ་ནད་སྨན་བཅོས་ལས་ཁུངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཕྱོགས་སྟོན་པར་འགྲེམས་བྱས་པ།