མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཕྱིའི་ལས་མི་ཚོགས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཞུགས་ལས་དོན་ཡག་པོ་བསྒྲུབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་མཆེད་པ་བཀག་འགོག་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ཞིང་ཆེན་ཕྱིའི་ལས་མིའི་ཚོགས་སྤྱིའི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་བཅས་བྱ་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་པའི་རྨང་གཞིའི་ཐོག དྲ་ཐོག་ལས་སྟེགས་ཀྱི་ལས་འཚོལ་དང་ངོ་ཐུག་མ་ཡིན་པའི་ལས་འཚོལ་གྱི་ཞབས་ཞུ་སོགས་ཀྱི་བྱ་ཐབས་བརྒྱུད། ཞིང་ཆེན་ཕྱིའི་ལས་འཚོལ་མི་སྣ་ཐག་ཉེ་སར་ལས་ཞུགས་ཐུབ་པ་ལ་ཐབས་ལམ་སྣ་མང་ནས་སྐུལ་འདེད་བཏང་སྟེ། མི་སྣ་འགྲོ་འོང་ལས་བྱུང་བའི་ནད་འགོས་པའི་ཉེན་ཁ་ཇེ་ཆུང་དུ་བཏང་བ་རེད།

མཚོ་ལྷོ་ཁུལ་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་ངལ་རྩོལ་ཞབས་འདེགས་ཕྱིར་གཏོང་གི་ཐོ་འགོད་ཆ་འཕྲིན་གཞིར་བཟུང་ནས། ཞིང་ཆེན་ཕྱིའི་ལས་མི་ཕ་ཡུལ་དུ་ཕྱིར་ལོག་བྱས་མེད་པའི་མི་སྣའི་ད་ཡོད་གནས་ཚུལ་རེ་རེ་བཞིན་གྲལ་བཤེར་བྱས་པ་རེད། མི་སྒེར་གྱི་འཚོ་བ་དང་ལས་དོན་ཐད་དངོས་འབྲེལ་དཀའ་ངལ་ཡོད་རིགས་ལ་དུས་ཐོག་ཏུ་ངལ་རྩོལ་ཞབས་འདེགས་མངགས་གཏོང་ཀུང་སིའམ། ཡང་ན་ས་གནས་དེ་གའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཞུགས་སྡེ་ཁག་དང་མཐུན་སྦྱོར་ཐག་གཅོད་བྱས། དེའི་རྨང་གཞིའི་ཐོག་ཁ་པར་ཐོག་ནས་ལས་མི་དང་འབྲེལ་བ་བྱས་ནས་སེམས་ཁམས་ཁྲིད་སྟོན་དང་། ཁོང་ཚོས་ས་གནས་དེ་གའི་སྲིད་གཞུང་གི་བཀོད་སྒྲིག་ལ་མཉན་ཏེ། གནས་སྐབས་ཕ་ཡུལ་དུ་མི་ལོག་པའམ་ཡང་ན་ཕྱི་ཕྱོགས་སུ་མི་བསྐྱོད་པའི་ཁ་ཏ་བསླབ་བྱ་བྱས་ནས། ཁོ་ཚོ་གཅིག་སྡུད་ཐོག་ཕ་ཡུལ་དུ་ཕྱིར་ལོག་བྱས་པ་ལས་ནད་འགོས་པའི་ཉེན་ཁ་མི་འབྱུང་བར་བྱས་ཡོད།

དེ་དང་ཆབས་ཅིག་ཏུ་མཚོ་ལྷོ་ཁུལ་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་ཞིང་ཆེན་ཕྱི་ལ་ལས་ཀར་སོང་བའི་ཕྱིར་ཡོང་མི་སྣ་འཐེན་བཤེར་བྱས་པའི་ཆ་འཕྲིན་དུས་ཐོག་ཏུ་གོང་ཞུ་བྱ་རྒྱུ་དང་། མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཐོ་འགོད་ཡག་པོ་བྱ་རྒྱུ་མ་ཟད། ཞིང་ཆེན་ཕྱི་ལ་ལས་ཀར་སོང་བའི་ཕྱིར་ཡོང་མི་སྣ་ཟུར་འཇོག་ལྟ་ཞིབ་དང་རྗེས་འདེད་ཐོ་འགོད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།