མཚོ་སྔོན་གྱིས་སྒོར་དུང་ཕྱུར2.0533སྤྱི་འདོམས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྤྱད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་ཡོངས་ཀྱི་ནད་གཞི་གཏན་འཁེལ་བྱུང་བའི་ནད་དཔེ་ཚང་མ་ཝུའུ་ཧན་ནས་མཚོ་སྔོན་དུ་ཕྱིར་ལོག་བྱེད་མཁན་ཤ་སྟག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་དུ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་ནད་དཔེ་ཐེངས་གཉིས་པ་ཐོན་མེད་པ་རེད། ནད་གཞི་གཏན་འཁེལ་དང་དོགས་པ་ཡོད་པའི་ནད་དཔེ་གཏན་འཁེལ་བྱས་པ་ཚང་མ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཏན་འབེབས་དང་བརྒྱུད་རིམ་ལ་གཞིགས་ནས་ཚོད་ལྟ་ཁང་གི་ལྟེ་སྐྱུར་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་ཕོའི་རང་བཞིན་ལྡན་པ་དང་རིམས་ནད་རིག་པའི་བརྟག་དཔྱད་དང་ནད་ཐོག་རིགས་གཅིག་མཁས་ཅན་གྱིས་ཚན་རིག་དང་མཐུན་པའི་གཏན་འཁེལ་བྱས་ཡོད།

མིག་སྔར་ཞིང་ཆེན་ཡོངས་སུ་མཚོ་སྔོན་དུ་ཡོང་མཁན་རིམ་རྩིས་བྱས་ན་7358གྲལ་བཤེར་བྱས་པ་ལས་ཟི་ལིང་གྲོང་ཁྱེར་གྱི་མི་5325དང་། མཚོ་ཤར་གྲོང་ཁྱེར་གྱི་མི་902  མཚོ་ནུབ་ཀྲོའུ་ཡི་མི་451  མཚོ་ལྷོ་ཀྲོའུ་ཡི་མི་129  མཚོ་བྱང་ཀྲོའུ་ཡི་མི་344  རྨ་ལྷོ་ཀྲོའུ་ཡི་མི་141  མགོ་ལོག་ཀྲོའུ་ཡི་མི་58  ཡུལ་ཤུལ་ཀྲོའུ་ཡི་མི་8བཅས་ཡོད་པ་རེད། ནད་དཔེ་གཏན་འཁེལ་བྱུང་མཁན་6དང་འབྲེལ་བ་དམ་ཟབ་བྱེད་མྱོང་མཁན་40ཚང་མས་དམིགས་འཛུགས་ཀྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་པའམ་ཡང་ན་གསོ་རིག་གི་ལྟ་ཞིབ་བྱེད་བཞིན་ཡོད་པས་མི་ཚང་མའི་ནད་གཞི་བརྟན་པོ་ཡོད་པ་རེད།

ཟི་ལིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཧྲི་ཀྲང་། གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའི་བཀོད་འདོམས་པ་ཀྲང་ཞའོ་རུང་གིས་ཟི་ལིང་གྲོང་ཁྱེར་གྱི་སྨན་བཅོས་སྒྲིག་གཞི་31ལ་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་བཙུགས་ཡོད་པ་དང་སྨན་བཅོས་སྒྲིག་གཞི་29ལ་ལོགས་སུ་འཇོག་པའི་ནད་ཁང་བཙུགས་ཡོད་ཅེས་ངོ་སྤྲོད་བྱས།

ཟི་ལིང་གྲོང་ཁྱེར་བཀོད་འདོམས་པུས་བརྡ་ཁྱབ་5དང་བརྡ་ཐོ་3བསྟུད་མར་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ལུས་རྩལ་རོལ་རྩེད་ཁང་520དང་ཡུལ་སྐོར་ལས་དོན་ཁང་469ཚང་མ་གནས་སྐབས་སྒོ་བརྒྱབ་ཏུ་བཅུག་པ་དང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་32ཚང་མ་སྒོ་བརྒྱབ་ཏུ་བཅུག་པ། གྲོང་ཁྱེར་ཁོངས་གཏོགས་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་རང་བཞིན་གྱི་ཡུལ་སྐོར་འཁོར་རིགས་གནས་སྐབས་སྐྱེལ་འདྲེན་བྱེད་མཚམས་འཇོག་ཏུ་བཅུག་པ་དང་ཆབས་ཅིག་སློབ་གྲྭ་དང་། སློབ་གྲྭའི་ཕྱི་རོལ་གྱི་གསོ་སྦྱོང་སྒྲིག་གཞི་ཚུད་པའི་གསབ་ཁྲིད་གནས་སྐབས་བྱེད་མཚམས་འཇོག་ཏུ་བཅུག་ཡོད། མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་མིན་པའི་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་དང་ཆེད་ལས་ཁྲོམ་ར་62གནས་སྐབས་ལས་གཉེར་བྱེད་མཚམས་འཇོག་ཏུ་བཅུག་ཡོད། གྲོང་མི་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྒོ་རྩིས་ཚོང་ཁང་དང་། ཞིང་ཞོར་ཁྲོམ་ར། མུ་འབྲེལ་ཚོང་ཁང་། སྡེབ་སྐྱེལ་ཚོང་ཁང་། ཚལ་ཁྲོམ། འབྲུ་སྣུམ་ཞོར་ཟས་མཁོ་སྤྲོད་བྱ་ཡུལ་བཅས་ཚང་མ་རྒྱུན་གཏན་ལྟར་གཉེར་སྐྱོང་བྱེད་དུ་བཅུག་ཡོད་པས་གྲོང་མིའི་རྒྱུན་གཏན་གྱི་འཚོ་བའི་ཚལ་དང་། ཤ། འབྲུ་སྣུམ། ཤིང་འབྲས། སྨན་རྫས། ཞོར་ཟས་བཅས་དང་རྒྱུན་མཁོའི་སྤྱོད་ཆས་ཉོ་བར་ཤུགས་རྐྱེན་ཐེབས་མེད་པ་རེད།

མིག་སྔའི་བར་མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར་2.0533སྤྱི་འདོམས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ལས་དོན་ལ་སྤྱད་པ་ལས་ཞིང་ཆེན་རིམ་པའི་གྲ་སྒྲིག་མ་དངུལ་སྒོར་དུང་ཕྱུར་1དང་ཆེད་དོན་མ་དངུལ་སྒོར་ཁྲི་1000མཁོ་འདོན་བྱས་པ་དང་། སྤྱི་པའི་འཕྲོད་བསྟེན་གྱི་རྣམ་གྲངས་གལ་ཆེན་ལེགས་སྒྲིག་ལ་སྒོར་ཁྲི་9533བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།