མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡིས་ཛ་དྲག་གི་བརྡ་ཐོའི་བླང་བྱ་སླར་ཡང་པར་འགྲེམས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡིས《རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཛ་དྲག་གི་བརྡ་ཐོ》པར་འགྲེམས་བྱས་ནས་གྲོང་ཁྱེར་དང་ཁུལ་སོ་སོའི་ནགས་ལས་དང་རྩྭ་ཐང་ཅུའུ་ལ་བླང་བྱ་བཏོན་ཡོད། རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྒྲིག་གཞིས་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡི《རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ》དང་། 《རི་སྐྱེས་སྲོག་ཆགས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ》《འཕྲལ་སྡོམ་བྱེད་རིང་གི་སྐམ་སའི་རི་སྐྱེས་སྲོག་ཆགས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཛ་དྲག་གི་བརྡ་ཐོ》བཅས་ཀྱི་རྨང་གཞིའི་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁག་ལ་སྔར་བས་ནན་ཏན་གྱིས་སྐུལ་འདེད་གཏོང་དགོས།

མིག་སྔར་དགུན་ཁ་ནས་དཔྱིད་ཀའི་ནམ་ཟླ་ཇེ་དྲོ་རུ་འགྲོ་བའི་དུས་ཚིགས་སུ་སླེབས་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གཅན་གཟན་རིགས་དང་འདབ་ཆགས་རིགས་སོགས་རི་སྐྱེས་སྲོག་ཆགས་ཀྱི་ནད་ཡམས་ཐོན་སླ་བ་དང་ཐོན་མང་བའི་ཚོར་སྣང་སྐྱེན་པའི་གནད་འགག་གི་དུས་སྐབས་ཤིག་ཡིན། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་སོགས་པུའུ་ཨུ་མཉམ་འབྲེལ་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ས་གནས་ཁག་དང་སྡེ་ཚན་ཁག་ལ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་ལས་ཀའི་བྱ་ཐབས་ཁག་དྲུག་ཞིབ་ཕྲ་དང་དོན་འཁྱོལ་ཡག་པོ་བྱས་ནས་རི་སྐྱེས་སྲོག་ཆགས་འདུལ་གསོ་རྒྱུད་སྤེལ་བྱ་ཡུལ་ལ་མུ་མཐུད་དྲ་འཐེན་རྣམ་པའི་གྲལ་བཤེར་བྱེད་པ་དང་འབྲེལ། ཞིབ་ཕྲའི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། འགན་འཁྲི་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་ལམ་ལུགས་ཀྱི་གཏན་འབེབས་དོན་འཁྱོལ་ནན་མོ་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས། འབྲེལ་ཡོད་གཏན་འབེབས་དང་བླང་བྱ་ལྟར་གྲོང་ཁྱེར་ཁག་གི་ནགས་ཚལ་དང་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་རི་སྐྱེས་སྲོག་ཆགས་མིའི་བྱེད་ཐབས་ལ་བརྟེན་ནས་གསོ་སྤེལ་དང་གཉོར་སྐྱོང་བེད་སྤྱོད་ཀྱི་སྲིད་འཛིན་ཞིབ་མཆན་གནས་སྐབས་སུ་མཚམས་འཇོག་བྱ་རྒྱུ་ཡིན།

རི་སྐྱེས་སྲོག་ཆགས་ཉོ་ཚོང་དང་། ཕྱི་ཕྱོགས་སུ་ཁྱབ་པ། རི་སྐྱེས་སྲོག་ཆགས་བརྒྱུད་འདྲེན་དང་ལྐོག་འཚོང་བཅས་བྱེད་པའི་རིགས་གཏན་འགོག་བྱ་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། སྤྱི་བདེ། ཞིང་ལས་དང་གྲོང་གསེབ་སོགས་སྡེ་ཁག་ལ་རང་འགུལ་ངང་གཞོགས་འདེགས་བྱས་ཏེ། “གཉིས་རྡུང”ཀྱི་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་ཀྱི་ཇུས་གཞི་བཟོ་བ་དང་། རི་སྐྱེས་སྲོག་ཆགས་དང་དེའི་བཟོས་པའི་དངོས་རྫས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བར་སྒྲིག་འཛུགས་བྱེད་དགོས།

ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ནགས་ལས་དང་རྩྭ་ཐང་གཙོ་གཉེར་སྡེ་ཚན་ཁག་དང་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྒྲིག་གཞིས་བྱ་ཐབས་ཁག་དྲུག་ནན་ཏན་གྱིས་ཞིབ་འཇུག་དང་དོན་འཁྱོལ་བྱེད་པ་དང་། དུས་མཚུངས་ཉིན་རེའི་སྙན་ཞུའི་ལམ་ལུགས་ཀྱི་བླང་བྱ་ལྟར་ཉིན་ལྟར་ལས་དོན་ཁག་གི་འཕེལ་རིམ་གནས་ཚུལ་ཡར་ཞུ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་ལས་དོན་བརྟན་འཇགས་ངང་སྤེལ་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།