མཚོ་སྔོན་ཞིང་ཆེན་བཟོ་འཕྲིན་ཐིང་གིས་འགོག་སྲུང་ཁ་ཐུམ་ཁྲི12གཏོང་སྤྲོད་དམིགས་སར་འབྱོར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་བློ་བརྟན་འགྱུར་མེད་ངང་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་དངོས་རྫས་འགན་ལེན་ཙུའུ་ཀྲང་སྡེ་ཁག་གི་འགན་འཁྲི་ལག་བསྟར་བྱས་ནས། དངོས་རྫས་འགན་ལེན་ཚོགས་ཆུང་གི་ཁོངས་མིའི་སྡེ་ཁག་དག་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་མཁོའི་དངོས་རྫས་འགན་ལེན་ལས་འགན་ཕན་འབྲས་ཆེ་ལ་གོ་རིམ་ལྡན་པའི་ངང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད20བར། རིམ་རྩིས་བྱས་ན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཝུའུ་ཧན་དུ་ཕྱིན་པའི་སྨན་བཅོས་རུ་ཁག གྲོང་ཁྱེར་དང་ཁུལ་སོ་སོའི་བཟོ་འཕྲིན་སྡེ་ཁག ཞིང་ཆེན་རིམ་པའི་ལས་ཁུངས་ཁག་ལ་སྨན་བཅོས་ཀྱི་འགོག་སྲུང་ཁ་ཐུམ་ཁྲི2དང་། དམངས་སྤྱོད་འགོག་སྲུང་ཁ་ཐུམ་ཁྲི10། དུག་སེལ་གཤེར་ཁུ་ཏུན70བཅས་འདོན་སྤྲོད་བྱས།

ཞིང་ཆེན་བཟོ་འཕྲིན་ཐིང་ཙུའུ་ཀྲང་ཡིན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་དངོས་ཟོག་འགན་ལེན་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ནང་ནས་དངོས་ཟོག་འབྱོར་སྐབས་སྤྱི་འདོམས་བཀོད་གཏོང་བྱ་རྒྱུར་དམ་འཛིན་དང་། ཕྱི་ནས་མངགས་ཉོ་བྱེད་པའི་དངོས་ཟོག་རྗེས་འདེད་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ། དགོས་མཁོ་ཆེ་བའི་དངོས་ཟོག་ནུས་ཤུགས་ཡོད་རྒུས་མཁོ་སྤྲོད་འགན་ལེན་བྱས་པ་རེད། སྨན་རྫས་གསོག་ཉར་ཁེ་ལས་ཀྱི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་དུས་མཚུངས་སུ་ཆེད་མངགས་ཉོ་སྒྲུབ་ཚོགས་ཆུང་གསུམ་དང་ལས་དོན་ཚོགས་ཆུང་5བཙུགས་ནས་ཞིང་ཆེན་ཕྱི་ནང་གི་ཁེ་ལས་ལ་སྐུལ་སློང་དང་། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་འདེད་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་ཐབས་ལམ་རྒྱ་ཆེར་གཏོང་བ། རྒྱལ་ཁབ་ཀྱི་པུའུ་ཨུ་དང་། སྤུན་ཟླའི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱལ་ཁབ་ཕྱི་ནང་ནས་དངོས་ཟོག་ཉོ་སྒྲུབ་འགན་ལེན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱབ་ཡོད།

ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད20བར། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཝུའུ་ཧན་དུ་ཕྱིན་པའི་སྨན་བཅོས་རུ་ཁག གྲོང་ཁྱེར་དང་ཁུལ་སོ་སོའི་བཟོ་འཕྲིན་པུའུ། ཞིང་ཆེན་རིམ་པའི་ལས་ཁུངས་སོ་སོར་འགོག་སྲུང་གྱོན་ཆས12181དང་། མིག་སྲུང་མིག་ཤེལ1845། སྨན་བཅོས་ཁ་ཐུམ20079། དམངས་སྤྱོད་ཁ་ཐུམ104402། དུག་སེལ་གཤེར་ཁུ་ཏུན་70བཅས་འདོན་སྤྲོད་བྱས་ཡོད། ཁ་ཐུམ་དང་འགོག་སྲུང་གྱོན་གོས། དུག་སེལ་གཤེར་གཟུགས་སོགས་དཀོན་མཁོ་དངོས་ཟོག་གི་གཙོ་གནད་འགན་སྲུང་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། ཞིང་ཆེན་ནང་ཁུལ་གྱི་དུག་སེལ་སྤྱོད་རྫས་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱ་རྒྱུ་དང་སྨན་རྫས་ཁེ་ལས་ཀྱི་སྔོན་མངགས་དང་དངོས་ཟོག་བསྐུར་ཚུལ་ལ་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན། རྒྱུ་ཆ་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་མཚོ་སྔོན་ཝན་ཧྥུའུ་ཁང་སྨན་ལས་ཀྱིས་ཉིན་རེར་84དུག་སེལ་གཤེར་ཁུ་ཏུན10དང་། སྨན་བཅོས་ཆང་བཅུད་ཏུན10ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། གཞན་ཉིན་རེར་སྨན་བཅོས་ཆང་བཅུད་ཏུན30ཐོན་སྐྱེད་གྲབས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།