མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེར་རོགས་སྐྱོར་དུ་སྐྱོད་པའི་སྨན་བཅོས་རུ་ཁག་སྐོར་གཉིས་པ་ལམ་ལ་ཆས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས4ཉིན། ཟི་ལིང་ཚའོ་ཅ་པའོ་གནམ་གྲུ་ཐང་དུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་སྡེ་ཁག25ཡི་སྨན་བཅོས་མི་སྣ102ལས་གྲུབ་པའི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་སྐོར་གཉིས་པས་མཉམ་འདུས་ངང་དམ་བཅའ་བཞག་ནས་ཧུའུ་པེར་རོགས་སྐྱོར་བྱེད་པའི་ལམ་དུ་ཞུགས། མཚོ་སྔོན་ཞིང་ཆེན་གྱི་ཧྲིནཀྲང་ངམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པདཔོན་ལིག་ཉིང་གིས་གནམ་གྲུ་ཐང་དུ་སྐྱེལ་མ་བྱས་ཤིང་། སྨན་བཅོས་རུ་ཁག་ལ་དར་ཆ་སྤྲད་པ་དང་ལམ་ལ་ཆས་རྒྱུ་ཁྱབ་བསྒྲགས་བྱས།

ལིག་ཉིང་གིས་བཤད་རྒྱུར། མིག་སྔར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་དེ་འགག་རྩའི་དུས་སུ་སླེབས་ཡོད། ཁ་སང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། ང་ཚོར་ཡིད་ཆེས་བརྟན་ཞིང་དཀའ་ངལ་མཉམ་སེལ་གྱིས་ཚན་རིག་དང་མཐུན་པར་འགོག་བཅོས་དང་སྲིད་ཇུས་གནད་ལ་ཁེལ་བ་ལག་ལེན་བྱེད་དགོས་ལ། དུས་ཚོད་དང་ནད་གདོན་ལ་འགྲན་བསྡུར་བྱས་ཏེ་རིམས་ནད་ཁྱབ་པའི་གནས་བབ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་ཅེས་བླང་བྱ་བཏོན་ཡོད། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་ནི་སྔར་བཞིན་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན་པས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱལ་ཡོངས་མིག་མངས་སྒྲིག་སྐོར་གཅིག་གི་བསམ་པ་རྒྱུན་འཁྱོངས་བྱས་ནས། སྐྱོབ་བཅོས་ཐོན་ཁུངས་དང་འགོག་སྲུང་ཐོན་ཁུངས་དེ་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོར་གཅིག་བསྡུས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ནད་པར་སྐྱོབ་བཅོས་བྱས་ནས་བསྡུ་བཅོས་བྱེད་ཚད་དང་སངས་དྲག་བྱུང་ཚད་ཧར་ཐག་སྒོས་་མཐོ་རུ་གཏོང་བ་དང་། རིམས་ནད་འགོས་ཚད་དང་ཤི་འདས་བྱུང་ཚད་ཧུར་ཐག་སྒོས་ཇེ་དམའ་རུ་གཏོང་དགོས། ཁྱེད་ཚོས་ཧུར་ཐག་གིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་བྱས་ཏེ་བཀའ་རྒྱ་འབྱོར་རྗེས་མགྱོགས་མྱུར་ངང་བསྡུ་རུབ་དང་རྡོག་ཆས་གྲ་སྒྲིག་བྱས་པ་དེས་ཚེ་སྲོག་ལ་བཀུར་བསྟི་བྱེད་པ་དདང་། སྲོག་སྐྱོབ་རྨས་སྐྱོར་བྱ་འདོད་པ། གཞན་ལ་ཞབས་ཏོག་འབུལ་འདོད་ཆེ་བ། གཅེས་སེམས་ཆེན་པོར་མུ་མཐའ་མེད་པ་བཅས་ཀྱི་སྨན་བཅོས་པའི་བྱམས་སེམས་དང་ཐོག་མའི་བསམ་འདུན་གང་ལེགས་ཀྱིས་མཚོན་ཡོད། ཁྱེད་ཚོ་ནི་མཛེས་ལྡན་མཚོ་སྔོན་གྱི་ཆེས་མཛེས་སྡུག་ལྡན་པའི་མི་སྣ་ཡིན་ལ། ངས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚང་མར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ལིག་ཉིང་གིས་། ཁྱེད་ཚོ་མཚོ་སྔོན་ཡོད་ནའང་འདྲ། ཧུའུ་པེ་རུ་ཡོད་ནའང་འདྲ། ཁྱོད་ཚོ་ནམ་ཡང་ང་ཚོའི་སེམས་ཁོངས་ན་ཡོད། རིམས་ནད་ལ་གདོང་གཏད་དུས་མཚོ་སྔོན་མི་དམངས་དང་ཧུའུ་པེ་མི་དམངས་ཀྱིས་སེམས་དང་ལག་ཟུང་གཅིག་དུ་སྦྲེལ་ནས་དཀའ་ངལ་མཉམ་སེལ་བྱེད་དགོས། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེར་རོགས་སྐྱོར་དུ་ཕྱིན་པའི་སྨན་བཅོས་རུ་ཁག་སྐོར་དང་པོས་ཝུའུ་ཧན་གྲོང་ཁྱེར་ཤིན་ཀྲོའུ་ཁུལ་དུ་སྨན་བཅོས་སྲོག་སྐྱོབ་ལས་དོན་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད། ཧུའུ་པེ་རུ། ཁྱེད་ཚོས་རང་ཉིད་ཀྱི་དཀའ་སྤྱད་དང་སྤྱིར་བཏང་གི་ལས་ཀར་བརྟེན་ནས་ནད་པར་བདེ་འཇགས་དང་བདེ་སྐྱིད་བསྐྲུན་དགོས་ལ། ཕ་ཡུལ་དུ། རིགས་སོ་སོའི་མང་ཚོགས་ཁྲི600ལྷག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ནི་ཁྱེད་ཚོའི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་བྱེད་མཁན་ཡིན། ང་ཚོས་ས་མཐོའི་དཔྱིད་རླུང་དང་སྔོ་ལྗང་གི་ལོ་མས་ཁྱེད་ཚོ་རྒྱལ་ཁའི་ངང་ཕྱིར་ལོག་པར་རེ་བས་སྒུག་ལ། ཁྱེད་ཚོའི་གཟི་བརྗིད་ཀྱི་མེ་ཏོག་བཞད་པར་རེ་ཞིང་སྒུག ཁྱེད་ཚོས་དཀའ་སྤྱད་འབད་བརྩོན་བྱེད་པ་དང་དུས་མཚུངས་སུ་རང་ཉིད་ལའང་སེམས་ཁུར་མང་ཙམ་བྱ་དགོས་ཏེ། འགོག་སྲུང་བྱ་བ་ཡག་པོར་བསྒྲུབས་ཏེ་བདེ་ལེགས་ངང་ཕྱིར་ལོག་དགོས་ཞེས་གསུངས་པ་རེད།

ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་ལམ་ལ་ཆས་པའི་མཛད་སྒོར་གཙོ་སྐྱོང་གནང་། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།