མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་སྡེ་ཁག་གིས་བྱ་ཐབས་སྣ་མང་སྤྱད་དེ་ནན་ཏན་གྱིས་ནད་དུག་སྔོན་འགོག་ཚོད་འཛིན་ལས་དོན་སྒྲུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་གྲོང་གསེབ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བརྡ་ཐོ་འགྲེམས་སྤེལ་དང་། གྲོས་འགོ་འདོན་པ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་མང་པོ་སྤྱད་དེ་ཕྱོགས་ཡོངས་ནས་ནན་ཏན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དམ་འཛིན་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུ་གྲོང་གསེབ་འབྲོག་ཁུལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་སྔ་རྗེས་སུ་རིམ་པ་ཁག་གི་ཏང་ཨུ་གྲོང་གསེབ་ལས་དོན་གཞུང་དོན་ཁང་དང་ཞིང་ལས་གྲོང་གསེབ་སྡེ་ཁག་ལ་ཛ་དྲག་གི་བརྡ་ཐོ་བཏང་སྟེ། ཚང་མས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཚད་མཐོའི་མཐོང་ཆེན་གྱིས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་དགོས་པའི་འབོད་སྐུལ་བཏང་བ་རེད།

12316“ཞིང་གསུམ”ཞབས་ཞུའི་ཐད་སྦྲེལ་ཁ་པར་དང་སྐད་འཕྲིན་འཕྲིན་སྟེགས་སོགས་ཀྱི་དྲིལ་བསྒྲགས་སྟེགས་བུ་བརྒྱུད། གཞི་རིམ་མང་ཚོགས་དང་ཞབས་ཞུ་བྱ་ཡུལ་སོགས་ལ་རང་འགུལ་ངང་རིམས་ནད་སྔོན་འགོག་དང་བཅོས་སྐྱོབ་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་བྱས་ནས་རིམས་ནད་མཆེད་པའི་ཉེན་ཁ་ཆུང་དུ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་དང་གྲོང་མིའི་རང་སྐྱོང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་མཉམ་འབྲེལ་གྱིས་སྔོན་འགོག་དང་གཅིག་གྱུར་གྱིས་སྔོན་འགོག་བྱ་རྒྱུར་ཁྲིད་སྟོན་བྱེད་པའི་ཡིད་ཆེས་བརྟན་པོ་བཙུགས་པ་རེད།

ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ་དང་། ཞིང་ལས་ཉོ་ཚོང་ཁྲོམ་ར། བཤས་ར་སོགས་གཙོ་གནད་ས་ཁོངས་སུ་བཟུང་སྟེ། ཨ་ཧྥེ་རི་ཁའི་ཕག་ནད་དང་། ནད་གཞི་ཐོན་ཤུགས་ཆེ་བའི་འདབ་ཆགས་ཆམ་ནད་དང་ཁ་རྨུག་གི་ནད་སོགས་གཙོ་གནད་དུ་བཟུང་ནས་གཟབ་ནན་གྱིས་བརྟག་དཔྱད་བྱས་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་གཉེར་སྐྱོང་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། སྒེར་གྱིས་སྲོག་ཆགས་གསོད་པའི་གནས་ཚུལ་ལ་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱས། སྐྱེལ་འདྲེན་ས་ཚིགས་སུ་མཚོ་སྔོན་དུ་ནང་འདྲེན་བྱས་པའི་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་ཚང་མར་ནན་གྱིས་ཞིབ་བཤེར་དང་དུག་སེལ་བྱས་པ་མ་ཟད། གཞུང་ལམ་རྒྱུད་ཀྱི་སྲོག་ཆགས་ཀྱི་རིམས་འགོག་བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་རི་སྐྱེས་སྲོག་ཆགས་དང་ཕྱུགས་རིགས་དམིགས་སུ་བཟུང་སྟེ་ཞིབ་བཤེར་བྱས་པ་རེད།

རིམ་པ་ཁག་གི་ཞིང་ལས་གྲོང་གསེབ་སྡེ་ཁག་གིས་ས་གནས་དེ་གའི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་གྱི་རིམས་འགོག་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་མཛོད་ཁང་ནས་འཕྲལ་སྡོམ་དངོས་ཟོག་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་དངོས་ཟོག་འགན་ལེན་ལ་ཤུགས་སྣོན་བྱས། ཧུར་ཐག་གིས་གཅེས་སེམས་ཕྱུགས་སྨན་ཁེ་ལས་སྒྲིག་འཛུགས་བྱས་ནས་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་ཁ་ཐུམ་སོགས་རིམས་འགོག་དངོས་ཟོག4910ཞལ་འདེབས་གནང་བ་དང་། དེ་དང་ཆབས་ཅིག་ཆུ་ཚོད24ཡི་ལས་རེས་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱས་ནས་ལས་ཀའི་འཕེལ་རིམ་དང་། སྔོན་འགོག་ཚོད་འཛིན་ལས་དོན་གྱི་བྱ་ཐབས། སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཆ་འཕྲིན་དང་ཉིན་རེའི་ཚགས་པར་སྐྱེལ་སྤྲོད་ལམ་ལུགས་བཅས་ནན་ཏན་གྱིས་དོན་འཁྱོལ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།