མཚོ་སྔོན་གྱི་བོད་བརྒྱུད་ནང་བསྟན་འཐུས་ཚབ་མི་སྣས་ཚན་རིག་ལྟར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་པའི་སྐོར་གྱི་འབོད་སྐུལ་ཡི་གེ

ཆོས་གྲོགས་དང་རྒྱ་ཆེའི་གྲྭ་བཙུན། དད་ལྡན་རྣམ་པ།

དཔྱིད་གསར་དུས་ཆེན་རིང་རང་རྒྱལ་དུ་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་བྱུང་ནས་མི་དམངས་དུང་ཕྱུར་མང་པོའི་སེམས་པ་སྒུལ།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོར་བསྟེན་ནས་རྒྱལ་ཡོངས་གོང་འོག་བློ་སེམས་གཅིག་སྒྲིལ་དང་མཉམ་འགོག་མཉམ་སྡོམ་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་གནང་ཡོད།རིམས་ཚུལ་ནི་བཀའ་བརྡ་དང་རིམས་འགོག་ནི་འགན་འཁྲི་ཡིན།ཆོས་པའི་སྡེའང་དེ་ལས་མ་འདས།མིག་སྔར་རྒྱལ་ཡོངས་ས་གནས་ཁག་ཏུ་ནད་པ་ཇེ་མང་དུ་འགྲོ་བཞིན་པ་དང་།  དབུས་ལྷ་ས་དང་མདོ་སྨད་ཟི་ལིང་། ཁམས་དཀར་མཛེས་སོགས་སུ་ཡང་ནད་པ་ཐོན་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་པའི་འཐུས་ཚབ་མི་སྣ་དང་ལྷག་པར་དུ་རིམ་པ་ཁག་གི་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན།ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ།མཚོ་སྔོན་ནང་བསྟན་སློབ་ཆེན་གྱི་ཡོངས་འཛིན་དང་།མཚོ་སྔོན་བོད་ཀྱི་ནང་ཆོས་ཉམས་ཞིབ་ལྟེ་གནས་ཀྱི་ཞིབ་འཇུག་པ།དགོན་སྡེ་སོ་སོའི་ལས་སྣ་གཙོ་བྱས་པའི་བླ་སྤྲུལ་དང་མཁན་པོ། ཡོངས་འཛིན།དགེ་རྒན། དགེ་བཤེས་རྣམ་པས་སྣེ་ཁྲིད་དེ་ཏང་དང་མི་དམངས་ཀྱི་འབོད་སྐུལ་དང་ལེན་དང་། ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་ལེན། ནང་བསྟན་མཐུན་ཚོགས་རིམ་པ་དང་དེ་བཞིན༧པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་སོགས་བོད་བརྒྱུད་ནང་བསྟན་འཐུས་ཚབ་མི་སྣ་རྣམས་ཀྱི་གྲོས་གཞི་ལག་ལེན་གྱིས།“གང་དག་ནད་བཏབ་ཉམ་ཆུང་ལུས་ཉམས་དང་། །ཕྱོགས་བཅུ་དག་ན་སྐྱབས་མེད་གྱུར་པ་རྣམས། །དེ་ཀུན་མྱུར་དུ་ནད་ལས་ཐར་གྱུར་ཅིག །ནད་མེད་སྟོབས་དང་དབང་པོ་རྙེད་པར་ཤོག །”ཅེས་སྨོན་ལམ་འདེབས་ཤིང་། བསམ་པའི་འཁོར་ས་དང་བྱེད་པའི་སྦྱོར་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་པ་དང་།རིམས་ནད་མཆེད་ཕྱོགས་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས་”ཞེས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ།འགག་རྩའི་དུས་སུ་རང་ངོས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་ནུས་པ་གང་ཡོད་འདོན་པར་འཚལ།

གཅིག་ནས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་དམངས་ཕན་བྱ་བ། རང་རྟོགས་ངང་“འདུ་ཤེས་བཞི་”ཆེ་རུ་གཏོང་བ་དང་།“རང་རྟོན་བཞི་”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས་”བྱེད་ཐུབ་པ།“གནད་འགག་དུས་སུ་ནུས་པ་ཐོན་པ”བཅས་ཀྱི་བླང་བྱ་གལ་ཆེན་རང་རྟོགས་ཀྱིས་དོན་འཁྱོལ་ཡག་པོ་བྱས་ཏེ།རྒྱལ་གཅེས་རིང་ལུགས་ཀྱི་གོ་རྟོགས་མཐོ་རུ་གཏོང་བ་དང་།ནད་ཡམས་ལས་རྣམ་པར་རྒྱལ་བར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ཐོག རྒྱལ་བདེ་དམངས་བདེ་དང་།གེགས་སེལ་རིམས་གཅོད།འགྲོ་བདེ་ཀུན་འཇགས།རྒྱལ་ཁབ་དཔལ་གྱིས་བརྒྱན་ཅིང་སེམས་ཅན་བདེ་ལམ་དུ་འགོད་པར་སྨོན་ལམ་རྒྱག་པ།

གཉིས་ནས་ཏང་གི་ཁ་ལ་ཉན་པ་དང་དོ་དམ་ལ་བརྩི་བཀུར་ཞུ་བ། དགོན་སྡེ་ཁག་གིས་རང་སྒོ་ཡག་པོ་སྲུང་པ་དང་། རང་མི་ལ་བདག་པོ་རྒྱག་པ།ཡུལ་སྐོར་བ་དང་གནས་མཇལ་བ་གནས་སྐབས་མཚམས་འཇོག་པ།དད་ལྡན་མང་ཚོགས་ཞུགས་པའི་ཆོས་ལུགས་བྱེད་སྒོ་གནས་སྐབས་མཚམས་འཇོག་བྱེད་པ།ཆོས་དབང་ཆེ་གྲས་གནས་སྐབས་མཚམས་འཇོག་བྱེད་པ།མང་ཚོགས་རང་བཞིན་གྱི་ཆོས་ལུགས་བྱེད་སྒོ་མི་སྤེལ་བ།མི་སྣ་འདུ་འཛོམས་མི་ཡོང་བ་བྱེད་པ།འགོ་ནད་ཀྱི་ཉེན་ཁའི་འབྱུང་ཁུངས་འགོག་པ་བཅས་བྱེད་པ།

གསུམ་ནས་རང་སེམས་འདུལ་བ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ། གྲྭ་བཙུན་དག་རང་དགོན་དུ་མཚམས་བཞུགས་སྒོམ་སྒྲུབ་གནང་བ་དང་དད་ལྡན་པས་ཁྱིམ་དུ་མཆོད་པ་འབུལ་བར་སྐུལ་བ། དགོན་གྲྭའི་འགྲོ་འོང་དང་དགོངས་ཞུའི་ལམ་ལུགས་ནན་དུ་གཏོང་བ།དགོན་སྡེའི་ནང་མི་ཕྱིར་མི་ཕེབས་པ། ཕྱི་མི་ནང་དུ་མི་ལེན་པ། གཞན་ལ་སྐོར་བ་མི་རྒྱག་པ།འདུ་འཛོམས་མི་བྱེད་པ།རང་འགུལ་ངང་སྒེར་བའི་འཕྲོད་བསྟེན་དང་འགོག་སྲུང་།ལག་པ་བཀྲུ་བ། རླུང་དབུགས་རྒྱུ་བ། ཁ་ཐུམ་རྒྱག་པ་བཅས་ཚན་རིག་དང་མཐུན་པའི་ངང་ནད་ཡམས་སྔོན་འགོག་བྱེད་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། 

བཞི་ནས་ཚན་རིག་ལ་ཡིད་ཆེས་དང་རང་སྟེང་ནུས་པ་འདོན་པ། ཚན་རིག་དང་མཐུན་པའི་བཀོད་སྒྲིག་ལ་དུས་ཐོག་ཏུ་ཉན་པ་དང་ལྟ་བ་དང་།གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་ཤེས་བྱ་སྦྱོང་བ།རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ།རང་འགུལ་ངང་ལས་རེས་དང་།ཁ་ཐུམ་རྒྱག་པ།དུག་སེལ།ལྟ་ཞིབ།ཁ་ཕྲལ་སོགས་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་འགོག་སྲུང་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་བཅས་བྱས་ཏེ། འཇིགས་སྐྲག་མེད་པ་དང་།དཀྲོག་གཏམ་ལ་ཡིད་མི་ཆེས་པ་དང་མི་སྒྲོགས་པ་མི་བཟོ་བ་བཅས་བྱེད་དགོས། སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད་དེ། ཆོས་དང་ཟིང་ཟིང་གི་སྦྱིན་པ་ཞལ་འདེབས་བརྒྱབ་ནས་སྨན་བཅོས་ཞབས་ཞུ་དང་དཀའ་ངལ་མང་ཚོགས་ལ་རོགས་སྐྱོབ་བྱེད་པ།ཏང་ཨུད་དང་སྲིད་གཞུང་ལ་རམ་འདེགས་བྱས་ནས་དད་ལྡན་མང་ཚོགས་འཇིགས་སྐྲག་དང་དཀའ་ངལ་ལས་ཐར་བར་ཁྲིད་སྟོན་དང་རོགས་རམ་བྱེད་དགོས།

མཐར་རྒྱ་ཆེའི་ཆོས་པ་དང་། བླ་གྲྭ  དད་ལྡན་རྣམ་པས་ཧུར་ཐག་གིས་རང་ངོས་ནས་མགོ་ཚུགས་ཏེ་རྣམ་པ་བཟང་པོ་གཏོད་པ་དང་ཁྱོན་ཡོངས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་།ཏོག་གསར་གློ་ཚད་ཁྱབ་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ།རིམས་ནད་སྔོན་འགོག་ཚོད་འཛིན་ལ་རང་འགུལ་ངང་ནུས་པ་འདོན་སྤེལ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐད་མཛད་རྗེས་འབུལ་བར་རེ་སྐུལ་གནང་བའོ།།

སེམས་ཅན་ནད་པ་ཅི་སྙེད་པ།།

མྱུར་དུ་ནད་ལས་ཐ་གྱུར་ཅིག།

འགྲོ་བའི་ནད་ནི་མ་ལུས་པ།།

རྟག་ཏུ་འབྱུང་བ་མེད་པར་ཤོག།


རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི།།

ཆོ་འཕྲུལ་རྣམ་པར་འཕྲུལ་བ་ལས་བྱུང་བའི།།

ལྷ་མོ་གང་གིས་བསྒྲུབས་པའི་ནད་གདོན་བགེགས།།

ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ།།

ཨོཾ་བི་ཤ་ཙཱི་པརྞ་ཤ་ལྦ་རི་སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭཱ་ཧྭ།


འབོད་སྐུལ་བ།  

ར་ཁོ་བློ་བཟང་བསྟན་པའི་དབང་ཕྱུག   གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། ཤར་བསྟན་འཛིན་འཇིགས་མེད། ཐུའུ་བཀྭན་འཇམ་དབྱངས་བློ་བཟང་བསྟན་པའི་ཉི་མ། ཞབས་དྲུང་དཀར་པོ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན།  ཨ་རོལ་བསྟན་འཛིན་དགེ་ལེགས་དབང་པོ།    ཏིང་ཀྱཱ་ཀུན་བཟང་པདྨ་རྣམ་རྒྱལ།    མགར་སྤྲུལ་ཡེ་ཤེས་ཉི་མ།   ཐུབ་བསྟན་ཀློང་ཡངས་རྡོ་རྗེ།  བཀྲ་ཤིས་རྒྱ་མཚོ།  རྒྱ་བཟའ་བློ་གསལ་རྒྱ་མཚོ། རྒྱ་གཞིས་བློ་བཟང་དཀོན་མཆོག་བསམ་འཕེལ།   མགོན་ཤུལ་འཇམ་དབྱངས་བློ་གསལ་རྒྱ་མཚོ།  འབྲུག་པ་ཐེག་མཆོག་བསྟན་འཛིན་ཉི་མ།   བློ་བཟང་ལུང་རིགས། སྒར་བ་ངག་དབང་བཟང་པོ།   བསྟན་པའི་བློ་གྲོས།    རིག་འཛིན་ཧཱུཾ་ཀར་རྡོ་རྗེ།   འཇམ་དགའ།     དགེ་འདུན་བཟང་པོ།    འཇམ་དཔལ་རིག་འཛིན།  སངས་རྒྱས་བློ་བཟང་དམ་ཆོས་རྒྱ་མཚོ།ཨོའུ་རྒྱ་བློ་བཟང་འཇམ་དཔལ་རྒྱ་མཚོ། སྒོ་མང་འོད་ཟེར་རྒྱ་མཚོ།   ཨ་སྤྲུལ་རིན་ཆེན་རྡོ་རྗེ།   ཚེ་རིང་ལྷ་རྒྱལ།    བརྩོན་འགྲུས་བསམ་གཏན།  ཁྱུང་མོ་སྟོབས་ལྡན་དབང་ཕྱུག    སྦྱིན་པ་དར་རྒྱས།    རྒྱལ་མཚན་མགོན་པོ།    མཁྱེན་རབ་རྒྱལ་མཚན།     ཡོན་ཏན་ཤེས་རབ།བསྟན་འཛིན་ཆོས་འཕེལ། བཀྲ་ཤིས་བཟང་པོ། དམ་ཆོས་ཟླ་བ། མཁར་ནག་སྐལ་བཟང་རྒྱ་མཚོ། བན་ཐང་བློ་བཟང་རྒྱ་མཚོ། ཕུན་ཚོགས། བློ་ཆོས། ངག་དབང་བཤད་སྒྲུབ། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས། དབང་འདུས། འཇམ་དབྱངས་ཉི་མ། སྐལ་བཟང་རྡོ་རྗེ། བརྩོན་འགྲུས་རྒྱ་མཚོ། ཐབས་མཁས་རྒྱ་མཚོ། བློ་བཟང་བྱང་ཆུབ། དམ་ཆོས་རབ་རྒྱས། དགེ་འདུན་ཡར་འཕེལ། སངས་རྒྱས་རྒྱ་མཚོ། ཕུར་བུ་དོན་གྲུབ། དཔལ་ལྡན་རྒྱ་མཚོ། བཟོད་པ་ཡེ་ཤེས། བསྟན་པ། འཇིགས་མེད་ཀུན་དགའ། བསོད་ནམས། བརྩོན་འགྲུས་རྒྱ་མཚོ། དཀོན་མཆོག་འཕྲིན་ལས། དགེ་འདུན་དར་རྒྱས།

 འབོད་སྐུལ་གནང་དུས།2020ལོའི་ཟླ1ཚེས30ཉིན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།