མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་དང་པོ་ཧུའུ་པེ་རུ་རོགས་སྐྱོར་བྱེད་པར་སོང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་སྡེ་ཁག་བཅུ་དྲུག་ཡོང་བའི་སྨན་བཅོས་མི་སྣ་བརྒྱ་དང་སོ་ལྔ་ཧུའུ་པེ་རུ་རོགས་སྐྱོར་བྱེད་དུ་སོང་བ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཧུའུ་པེ་ལ་རོགས་སྐྱོར་བྱེད་པའི་སྐོར་ཁག་དང་པོའི་སྨན་བཅོས་རུ་ཁག་ཡིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་ཚོད་འགོག་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་གིས་སྨན་བཅོས་རུ་ཁག་ལ་འཚམས་འདྲི་བྱེད་པར་སོང་ནས། སྨན་བཅོས་རུ་ཁག་ལ་དར་ཆ་བྱིན་པར་མ་ཟད་ལམ་ལ་ཆས་པ་དྲིལ་སྒྲོག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། རིམས་ནད་ཚོད་འགོག་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་བཀོད་འདོམས་དཔོན་པོ་ཁོང་ཡུང་གིས་ལམ་ལ་ཆས་པའི་མཛད་སྒོར་འགོ་མཛིན་བྱས།

སྨན་བཅོས་རུ་ཁག་གི་རུ་གཙོ་སུང་པེན་གྱིས་སྣེ་ཁྲིད་འོག སྨན་བཅོས་མི་སྣ་ཡོངས་ཀྱིས་དམ་བཅའ་བཞག

ལིག་ཉིང་གིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་སྨན་བཅོས་རུ་ཁག་ལ་བླ་མེད་ཀྱི་དད་གུས་དང་བཀའ་དྲིན་ཞུས། ལིག་ཉིང་གིས་བཤད་རྒྱུར། ལུགས་རྙིང་ལོ་སར་ཚེས་གཅིག་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་མཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་འགོ་མཛིན་བྱས་ཏེ། རིམས་ནད་ཚོད་འགོག་བྱ་བར་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་སྐུལ་སློང་བྱས། ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པར་མ་ཟད་གྲོས་ཚོགས་བསྡུས་པ་དང་། ཙུང་ལི་ལིས་ཁི་ཆང་དངོས་སུ་ཧུའུ་ཧན་དུ་ཕེབས་ནས་རིམས་ནད་ཚོད་འགོག་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས། རིམས་ནད་ནི་བཀའ་རྒྱ་ཡིན་ལ། ཚོད་འགོག་ནི་འགན་འཁྲི་ཡིན་པ་དང་། ཁྱེད་ཚོས་རྒྱལ་ཁབ་དང་མི་དམངས་ཀྱི་བཀའ་རྒྱ་དང་ལེན་བྱས་ནས་ཧུའུ་པེ་ལ་རོགས་སྐྱོར་བྱེད་པའི་སྐོར་ཁག་དང་པོའི་སྨན་བཅོས་རུ་ཁག་བཙུགས་པ་དང་། ཁྱེད་ཚོའི་འགན་འཁྲི་གཟི་བརྗིད་ལྡན་ཞིང་ལས་འགན་ཧ་ཅང་ལྕི་ཟེར།

ལིག་ཉིང་གིས་བཤད་རྒྱུར། ཁྱེད་ཚོ་ནི་དམག་མིའི་གོ་རྟགས་མེད་པའི་གོས་དཀར་འཐབ་འཛིང་པ་ཡིན་ལ། ཐོག་མའི་བསམ་འདུན་བརྟན་ཞིང་དང་འགན་འཁྲི་ཕྲག་ཏུ་ཁུར་ཡོད། ཁྱེད་ཚོས་ཏང་གི་བཀའ་ལ་ཉན་པ་དང་མི་དམངས་ཀྱི་འབོད་སྐུལ་དང་དུ་བླངས་ནས། མེས་རྒྱལ་ལ་དགོས་མཁོ་ཡོད་པའི་སྐབས་སུ་ཡར་ལངས་པ་དང་སྔོད་དུ་བསྐྱོད་དགོས། ཁྱེད་ཚོའི་ཐོག་མའི་བསམ་འདུན་བརྟན་པོ་བྱེད་པ་དང་འགན་འཁྲི་ཕྲག་ཏུ་བླངས་ཏེ། མི་དམངས་ལ་ཞབས་འདེགས་ཞུ་བའི་དུས་རབས་གསར་བའི་འཐབ་རྩོད་པ་བྱེད་དགོས་ཟེར།

ལིག་ཉིང་གིས་བཤད་རྒྱུར། ང་རང་ཉིད་སྔོན་ཆད་ཀྱང་བཟོ་སྐྲུན་པ་ཡིན་པ་དང་། གནོད་འགོག་གནོད་སྐྱོབ་ཀྱི་ཡུལ་དངོས་སུ་ཐེངས་མང་པོར་སོང་མྱོང་ལ། ཁྱེད་ཚོ་དང་འདྲ་བར་འགོ་ཁྲིད་དང་ལས་གྲོས་ཚོགས་ཚོས་འདི་ལྟར་སྐྱེལ་མ་བྱས་མྱོང་། རོགས་སྐྱོར་ཡུལ་དངོས་ནས་སྔར་མེད་ཀྱི་འགྲན་རྩོད་ལ་འཕྲད་པ་དང་། སྐབས་དེར་སྤོབས་པ་ནི་ཁྱེད་ཚོའི་རྣམ་སྤྲུལ་ཡིན། གནོད་འཚེ་ལ་ཁ་གཏད་དེ་བྱེད་ཐབས་བཟང་བོ་སྤྱོད་དགོས་པ་དང་། སྐབས་དེར་བློ་རྩ་བརྟན་པོས་འགན་འཁྲི་ཕྲག་ཏུ་ལེན་དགོས། ནད་པར་ཁ་གཏད་དེ་ངེས་པར་དུ་ཚན་རིག་གི་སྙིང་སྟོབས་བཀོལ་སྤྱོད་པ་དང་། འཇོན་ཐང་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ལིག་ཉིང་གིས་བཤད་རྒྱུར། ཁྱེད་ཚོས་རང་ཉིད་ཀྱི་འབད་འཐབ་བརྒྱུད་པ་དང་ཆེད་ལས་ཀྱི་ཤེས་བྱ་སྤྱད་དེ་སྲོག་སྐྱོབ་རྨས་སྐྱོར་བྱས་ནས། ཁོ་ཚོ་ནད་ཡམས་ལས་ཐར་བར་བྱེད་པ་དང་། དེ་དང་མཉམ་དུ་རང་སྟེང་གི་འགོག་སྲུང་བཟང་བོར་བསྒྲུབ་དགོས། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ས་ཡ་དྲུག་ལྷག་ནི་ཁྱེད་ཚོའི་རྒྱབ་རྟེན་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁྱེད་ཚོ་བདེ་འཇགས་ངང་རྒྱལ་ཁ་བླངས་ནས་ཕྱིར་ལོག་པར་རེ་སྒུག་བྱེད་ཀྱིན་ཡོད་པ་དང་། ཁྱེད་ཚོས་འགན་འཁྲི་ལག་བསྟར་བྱེད་པ་དང་། འགན་ཁུར་ཕྲག་ཏུ་བླངས་ནས། ལས་འགན་ཡོངས་འགྲུབ་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

གནམ་གྲུ་ཐང་དུ། ལིག་ཉིང་གིས་རུ་མི་རེ་རེ་དང་ལག་འཇུ་བྱས་ནས་སྐྱེལ་མ་བྱས།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།