མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཏང་ཨུའི་རྒྱ་སྐྱེད་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་རིམས་ནད་ཚོད་འགོག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཏང་ཨུའི་རྒྱ་སྐྱེད་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་རིམས་ནད་ཚོད་འགོག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་རིམས་ནད་ཚོད་འགོག་བྱ་བ་བཟང་བོར་བསྒྲུབ་པའི་མཆན་བཀོད་མཛུབ་སྟོན་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་ནས་ཡང་བསྐྱར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་རིམས་ནད་ཚོད་འགོག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཀྲིན་ཧྲིན་གྱིས། མཉམ་འབྲེལ་མཉམ་འགོག་གི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པར་སྔར་ལས་ཤུགས་སྣོན་པ་དང་། མཉམ་ལས་གཞོགས་འདེགས་ལ་ཤུགས་བསྣན་ནས། རིམས་ནད་ཚོད་འགོག་ས་ཚིགས་དང་ཞིབ་བཤེར་ས་ཚིགས་ཀྱི་མཉམ་འགོག་མཉམ་འཛིན་བྱ་བ་བརྟན་བརླིང་ངང་བསྒྲུབ་དགོས། རོགས་སྐྱོར་གཏན་ཁེལ་སྨན་ཁང་དང་ནད་ངོས་ཟིན་པའ་ནད་པའི་རྒྱུན་སྡོད་ས་ཆའི་ཁ་བཀར་ཚོད་འཛིན་ལག་བསྟར་ནན་མོ་བྱས་ནས། ཚད་ཆེས་མཐོ་བའི་སྒོ་ནས་རིམས་ནད་མཆེད་འགོ་བྱེད་པར་བཀག་འགོག་བྱེད་དགོས། རིམ་པ་སོ་སོའི་རིམས་ནད་ཚོད་འགོག་འགོ་ཁྲིད་ཚན་ཆུང་ལ་རོགས་འདེགས་བྱས་ནས་མི་སྣ་རྟོག་སེལ་བྱེད་པ་དང་། སྤྱི་བདེ་ཐིན་གྱི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཉིན་རེའི་དབྱེ་འབྱེད་གྲོས་མོལ་ལམ་ལུགས་ལག་བསྟར་བྱེད་པ། དུས་ཐོག་ཏུ་དབྱེ་ཞིབ་གྲུབ་འབྲས་དང་བྱ་བ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས་ཏེ། ཚོད་འགོག་རྟོག་སེལ་ཐད་གཞི་གྲངས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། སྤྱི་ཚོགས་བདེ་སྐྱོང་དང་ཚོད་འགོག་ལ་ཤུགས་བསྣན་ནས། ཚོང་རའི་དཔལ་འབྱོར་སྒྲིག་ལམ་དང་འགྲིམ་འགྲུལ་སྒྲིག་ལམ། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།