ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་རེའི་ཞིང་ཆེན་གྱིས་ཏོག་དབྱིབས་ནད་དུག་ཅན་གྱི་གློ་ཚད་རིམས་ནད་འགོག་བཅོས་ཏན་ཏིག་བསྒྲུབ་ནས་རིམས་འགོས་ཚོད་འཛིན་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་ཚེ་སྲོག་ལ་སྲུང་སྐྱོབ་བྱ་ཆེད་དུ། ཞིང་ཆེན་སྲིད་གཞུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིམས་ནད་འགོག་བཅོས་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། ཟླ1ཚེས24ཉིན་ནད་དུག་དེ་སྐོར་གྱི་ཚོད་འཛིན་དང་འགོག་བཅོས་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་བརྡ་ཁྱབ་སྤེལ་བ་འདི་ལྟར།
གཅིག ངོས་མ་ཟིན་པའི་ཉེན་ཁ་དག་ཕྱོགས་ཡོངས་ནས་ཞིབ་བཤེར་བྱ་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས“སྔ་མོ་ནས་ཤེས་པ་དང་། སྔ་མོ་ནས་སྙན་ཞུ། སྔ་མོ་ནས་ཁོལ་གཅོད། སྔ་མོ་ནས་སྨན་བཅོས”དགོས་པའི་སྤྱིའི་བླང་བྱ་ལྟར། མཚོ་སྔོན་དུ་ཡོང་བའི་ཞིང་ཆེན་ཕྱིའི་མགྲོན་པོ་ཚ་ཡོད་པ་ཅན་དང་། ཝུའུ་ཧན་ནས་མཚོ་སྔོན་དུ་ལོག་མཁན་དག་དམིགས་སུ་བཀར་ནས་རིམས་ནད་འགོས་ཡོད་མེད་ལ་ཞིབ་དཔྱད་ཚད་ལེན་བྱ་དགོས་པ་དང་། ནད་བརྟག་ཡོད་མཁན་དག་ལྷག་ལུས་མེད་པར་ཁྲིམས་བཞིན་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་ཡག་པོ་དང་ཆབས་ཅིག་ཏུ་གོང་རིམ་ལ་སྙན་ཞུ་རྒྱག་དགོས་པ་དང་། སྨན་ཁང་དུ་སྨན་པ་དང་དེ་བཞིན་ནད་པ་སོགས་མི་གཞན་དག་ལ་འགོས་པར་འགོག་བཅོས་དང་ཚོད་འཛིན་ཡག་པོ་བྱ་དགོས།
གཉིས། མང་ཚོགས་ཀྱི་རང་སྲུང་འདུ་ཤེས་ཇེ་མཐོར་གཏང་དགོས། ཉེ་ལམ་ཝུའུ་ཧན་དུ་སོང་མྱོང་བ་དང་ཡང་ན་ཝུའུ་ཧན་དང་ཧུའུ་པེ་བརྒྱུད་ནས་མཚོ་སྔོན་དུ་ཡོང་ཡོད་པ་དག་གིས་རང་སྡོད་སའི་ས་གནས་དང་སྡོད་ཁུལ་དུ་རང་རྟོགས་ཀྱིས་མིང་ཐོ་བཀོད་དེ་ལུས་ཀྱི་ཚ་དྲོད་འཇལ་བར་འོང་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་དོགས་ཟོན་ནན་མོ་བྱས་ནས་ལག་པ་གཙང་འཁྲུ་དང་ཁང་པ་རླུང་དུ་གཡེང་ནས་རང་སྟེང་གི་སྔོན་འགོག་ལ་དང་དོད་ཡག་པོ་བྱ་དགོས་པ་དང་། ལྷག་པར་མི་ཚོགས་འདུ་སར་མ་བསྐྱོད་ན་ལེགས། གལ་ཏེ་དོན་དག་གལ་ཆེན་མེད་ཚེ་ཝུའུ་ཧན་དུ་ཉེ་མི་ལྟ་རུ་འགྲོ་བ་དང་། ཡུལ་སྐོར་དུ་འགྲོ་བ། ཚོང་དོན་བྱེད་སྒོ་ལ་སོགས་ཀྱི་ཆེད་དུ་འགྲོ་འོང་ཆེན་པོ་མ་བྱས་ན་བཟང་། སྤྱི་ཚོགས་སྟེང་གི་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་ཅིང་། འཆལ་གཏམ་མི་སྨྲ་བ་མི་སྒྲོག་པའི་སྒོ་ནས་འཚོ་བ་རྒྱུན་ལྡན་བཞིན་དུ་བསྐྱལ་ཏེ་མཉམ་གཅིག་དུ་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་བྱ་དགོས།
གསུམ། གནམ་ཐང་དང་མེ་འཁོར་ས་ཚིགས་སོགས་ཀྱི་འགོག་བཅོས་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱ་བ་གཙིགས་སུ་འཛིན་དགོས། ས་གནས་ཁག་གི་མི་དམངས་སྲིད་གཞུང་དང་རིམ་ཁག་འཕྲོད་བསྟེན་ལས་ཁུངས་དང་སྤྱི་བདེ། འགྲིམ་འགྲུལ་སྐྱེལ་འདྲེན། མཚོ་འགག དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ་ལ་སོགས་སྡེ་ཚན་གྱིས་ཕན་ཚུན་མཉམ་འབྲེལ་ཐོག་བྱེད་ཐབས་བཏོན་ཏེ། གནམ་ཐང་དང་མེ་འཁོར་ས་ཚིགས་ལ་སོགས་ཀྱི་དུག་སེལ་དང་གཙང་སྦྲ། འགྲོ་འོང་སྐུ་མགྲོན་གྱི་རིམས་ནད་ཞིབ་བཤེར། ཁོལ་གཅོད་ཚོད་འཛིན་སོགས་བྱས་ནས་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་འགོས་ཁྱབ་འགྲོ་བར་སྔོན་འགོག་བྱ་དགོས། བརྡ་ཁྱབ་འདི་སྤེལ་བའི་ཉིན་ནས་བཟུང་། སྡེ་ཚན་ཁག་དང་ལས་ཁུངས་ཁག་གིས་ཅི་ནུས་གང་ཐུབ་ཀྱིས་མི་ཚོགས་འདུ་བྱེད་ཀྱི་བྱེད་སྒོ་མི་སྤེལ་བ་དང་། མང་ཚོགས་རང་སྟེང་ནས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་སོགས་སྤེལ་མི་རུང་བར་འཁྲིད་སྟོན་ཡག་པོ་བྱ་དགོས།
བཞི། ཆ་འཕྲིན་བརྡ་ཁྱབ་ལམ་ལུགས་འཐུས་ཚང་དུ་གཏང་དགོས། ཆ་འཕྲིན་བརྡ་ཁྱབ་ཀྱི་ལས་ལ་ཤུགས་བསྣན་ནས་ཆ་འཕྲིན་ཤར་མར་གཏང་ཐུབ་ཅིང་། དུས་ཐོག་ཏུ་ཀུན་གྱིས་ལྟ་ཐུབ་ཅིང་ཉན་ཐུབ་པ། རིམས་ནད“ཉིན་ཞུ”དང་“སྙན་ཞུ་མེད་པའི་”ལམ་ལུགས་ལག་བསྟར་ནན་མོ་བྱས་ནས་རིམས་ནད་སྐོར་གྱི་སྙན་སེང་དུས་ལྟར་ཆད་ཤོར་མེད་པར་ཞུ་དགོས། ཆ་འཕྲིན་ཕྱི་གསལ་ནང་གསལ་ཡོང་བ་དང་། གླེང་ཕྱོགས་འཁྲིད་སྟོན་ལ་མཐོང་ཆེན་བྱས་ནས་ཆ་འཕྲིན་ཁྱབ་སྒྲོག་གི་ཇུས་གཞི་གཏན་ལ་ཕབ་དགོས་པ་དང་། དོན་རྐྱེན་བསྡུ་སྒྲིག་དང་དབྱེ་ཞིབ། ཡར་ཞུ་སོགས་མ་སྐུལ་དང་ལེན་གྱིས་བསྒྲུབ་ནས་དམིགས་འབེན་རང་བཞིན་གྱི་སྒོ་ནས་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་ཞོར་དུ་སྨྱན་བྱེད་དང་མང་ཚོགས་ཀྱི་བར་ལ་རང་རྟོགས་ཀྱིས་འབྲེལ་འདྲིས་བྱ་དགོས།
ལྔ། དངོས་ཟོག་འགན་སྲུང་དང་མཁོ་བསྟུན་མྱུར་སྒྲུབ་ཀྱི་ལས་རེས་ལས་སྲུང་ལ་ཤུགས་བསྣན་དགོས། ཐབས་ལམ་མང་པོ་ནས་དངོས་ཟོག་མཁོ་སྒྲུབ་དང་རིམས་ནད་སྔོན་འགོག་ཐད་ཀྱི་དགོས་ངེས་སྤྱོད་ཆས་བེད་སྤྱད་དེ། མཁོ་སྒྲུབ་དངོས་ཟོག་ཉར་གསོག་གནད་ལ་འཁེལ་ཞིང་གང་མཁོ་མྱུར་འདོན་ཅི་བཞིན་ཐུབ་པར་འགན་ལེན་བྱ་དགོས། ལས་རེས་ལས་སྲུང་བའི་ལས་ལ་ཤུགས་བསྣན་ཏེ། ཆུ་ཚོད24རིང་ལས་རེས་དགོས་པའི་ལམ་ལུགས་ལག་བསྟར་བྱས་ནས་དུས་ཆེན་སྐབས་སུ་མཁོ་བསྟུན་ལས་སྲུང་བ་ལས་རྐང་དུ་ཡོད་ཅིང་། འབྲེལ་བ་བྱེད་བདེ་བ། སྐད་ལན་མྱུར་བ་ལ་སོགས་རིམས་འགོག་བྱ་བའི་ཐད་མཉམ་ཤུགས་བཏོན་ནས་འགན་འཁྲི་མཉམ་འཁུར་དང་། དོ་དམ་མཉམ་བྱེད་ཀྱི་ལས་སྒྲུབ་རྣམ་པ་གནད་ལ་ཕྱོགས་པ་ཞིག་ཆགས་སུ་འཇུག་དགོས།
རྩོམ་སྒྲིག་པ། འབུམ་པ་རྒྱལ།
ཏོག་དབྱིབས་ནད་དུག་ཅན་གྱི་གློ་ཚད་རིམས་ནད་འགོག་བཅོས་དང་ཐག་གཅོད་བྱ་བ་ལེགས་པོར་བསྒྲུབ་དགོས་སྐོར་གྱི་བརྡ་ཁྱབ།