ཝང་ཅན་ཅུན་གྱིས་དཔྱིད་གསར་དུས་ཆེན་གྱི་སྔ་རོལ་ཏུ་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་བར་སྐབས་འདི་ནི་ལོ་གཅིག་གི་ནང་ཧ་ཅང་གྲང་ངར་ཆེ་བའི་དུས་སྐབས་ཤིག་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གཞི་རིམ་དུ་བསྐྱོད་དེ་ཏང་ཡོན་རྒན་གྲས་དང་། དཀའ་ངལ་ཡོད་པའི་མང་ཚོགས། ལས་གནས་དང་པོའི་ལས་བྱེད་ལས་བཟོ་བ། ཏང་ཕྱིའི་མི་སྣ། ཆེད་མཁས་པ་དང་རིག་གནས་པ་བཅས་དང་། དེ་བཞིན་མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་དཔུང་སྡེའི་དཔོན་དམག་དང་། མེ་ཟོན་རོགས་སྐྱོབ་བཀོད་འདོམས་འཐབ་མོ་བ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། འཕྲལ་སྡོམ་ལས་རེས་ལས་དོན་མི་སྣ་བཅས་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་བ་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་བྱམས་བརྩེའི་འཚམས་འདྲི་གནང་བ་དང་འབྲེལ་དཔྱིད་གསར་དུས་ཆེན་ལ་སྨོན་འདུན་ཞུས་པ་རེད།  

ཝང་ཅན་ཅུན་གྱིས་སྔ་རྗེས་སུ་ན་གོར་མོ་གྲོང་ཁྱེར་ཀའོ་ལའེ་མུའུ་ཏེ་གྲོང་རྡལ་ཧོང་ལིག་སྡེ་བ་དང་། ཀྲུང་ཚུན་སྡེ་བར་བསྐྱོད་དེ་གཞི་རིམ་ཏང་ཡོན་ལི་གོ་ཧྲན་དང་། ཏང་ཡོན་རྒན་གྲས་ཆི་ཏེ་ཆང་། དཀའ་ངལ་ཡོད་པའི་མང་ཚོགས་ལི་ཞིས་ཧྲན། ཀྲའོ་ཁྲུན་བཅས་ཀྱི་ཁྱིམ་དུ་སོང་ནས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་གླེང་མོལ་གནང་སྟེ་ཁོང་ཚོའི་གཟུགས་པོའི་གནས་ཚུལ་དང་ལས་ཀ འཚོ་བའི་གནས་ཚུལ་ལ་ཞིབ་ཕྲའི་ཤེས་རྟོགས་གནང་བ་རེད། ཝང་ཅན་ཅུན་གྱིས་གཞི་རིམ་ཏང་ཡོན་དང་ཏང་ཡོན་རྒན་གྲས་ཚོར་གདོང་ལེན་དཔེ་བཟང་གི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་ཐོན་སྐྱེད་འཕེལ་རྒྱས་བཏང་སྟེ་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་གཏོང་དགོས་པའི་སྐུལ་ལྕག་གནང་ཤིང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཡིད་ཆེས་བརྟན་པོའི་སྒོ་ནས་སྲིད་གཞུང་གི་རོགས་རམ་དང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་གཏོང་དགོས་པར་གསུངས། ཝང་ཅན་ཅུན་གྱིས་ཀྲུང་ཚུན་སྡེ་བའི་ཧྲུའུ་ཅི་དང་པོ་ཀྲའོ་ཁྲུན་ཕིང་ལ་བྱམས་བརྩེའི་ངང་གླེང་མོལ་གནང་ནས་དབུལ་ཐར་འགག་སྒྲོལ་གྱི་ཧྲུའུ་ཅི་དང་པོར་གུས་འདུད་མཚོན་པར་བྱས། ཁོང་གིས་དབུལ་ཐར་འགག་སྒྲོལ་ནང་ཞུགས་པའི་རླབས་ཆེན་གྱི་ལག་ལེན་ནི་ཚེ་གང་གི་བརྗེད་པར་དཀའ་བའི་བྱ་གཞག་ཅིག་ཡིན་པར་གསུངས་ལ། ཧྲུའུ་ཅི་དང་པོས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་དང་མཉམ་དུ་འགན་འཁྲི་བཟང་པོ་འཁུར་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

ཝང་ཞའོ་དང་། ཡུས་ཚུང་ལེ། མ་ཅི་ཞའོ་བཅས་ཀྱང་རེ་རེ་བཞིན་ཟབ་ཞུགས་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།