མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་1པོའི་ཚེས་19ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། ཞིང་ཆེན་ཡོངས་ཀྱི་ས་ཆའི་བར་མཐོངས་འཆར་འགོད་མ་ལག་འཛུགས་པ་དང་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་བཅོས་སྒྱུར་སོགས་ཀྱི་དོན་ཚན་ལ་ཞིབ་འཇུག་བྱས་ཏེ། 2020ལོར་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྐོར་གྱི་སྙན་ཞུར་གསན་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ལུས་རྩལ་པ་དང་རྩལ་འཁྲིད་པར་བྱ་དགའ་སྤྲོད་པའི་ལག་བསྟར་ཞིབ་སྲོལ》ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཁོངས་ས་ཆའི་བར་མཐོངས་འཆར་འགོད་མ་ལག་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་པ། “འཆར་འགོད་མང་པོ་གཅིག་སྒྲིལ”མཐའ་འཁྱོངས་བྱེད་པ། འཆར་འགོད་དོ་དམ་ལ་མཐོང་ཆེན་བྱེད་པ། འགྱུར་མེད་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། དོན་འཁྱོལ་དང་ཕན་འབྲས་ཐོན་པ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། རིམ་དབྱེ་རིགས་དབྱེ་དང་ས་ཁོངས་ཧྲིལ་པོའི་རྒྱལ་ཁབ་མངའ་ཁོངས་བར་མཐོངས་འཆར་འགོད་མ་ལག་མགྱོགས་མྱུར་གྱིས་འཛུགས་པ་བཅས་བྱེད་དགོས། འཐབ་ཇུས་རང་བཞིན་མཚོན་པ་དང་། ཚན་རིག་རང་བཞིན་མཐོར་འདེགས་པ། དབང་གྲགས་རང་བཞིན་ཤུགས་ཆེར་གཏོང་བ། མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་པ། བཀོལ་སྤྱོད་རང་བཞིན་ལ་མཐོང་ཆེན་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་སྤུས་ཚད་སྔར་བས་མཐོ་བ་དང་། ལས་ཆོད་སྔར་བས་ཆེ་བ། དྲང་སྙོམས་སྔར་བས་ལྡན་པ། རྒྱུན་མཐུད་སྔར་བས་ཐུབ་པ་བཅས་ཡོང་བར་བྱེད་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་བཅོས་སྒྱུར་བྱེད་པ་ནི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་ཞིང་། གྲོང་གསེབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། བཅོས་སྒྱུར་དེའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བཀོད་སྒྲིག་ཞིབ་ཚགས་བྱེད་པ། མགྱོགས་མྱུར་ལག་བསྟར་བྱེད་པ་བཅས་བྱས་ཏེ། བཅོས་སྒྱུར་བཀོད་སྒྲིག་ལ་ནོར་འཛོལ་མི་བྱུང་བར་བཅོས་སྒྱུར་ལས་འགན་ཏན་ཏིག་ངང་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས། འབྲེལ་མཐུད་ལ་ཤུགས་སྣོན་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་བཅོས་སྒྱུར་གྱི་གཅིག་འདུས་སྟོབས་ཤུགས་ཤིག་ཆགས་པར་བྱས་ཏེ། དཔུང་ཁག་ཟང་ཟིང་མི་བཟོ་བ་དང་ལས་དོན་རྒྱུན་ཆད་མེད་པར་སྤེལ་ནས། བཅོས་སྒྱུར་ལས་དོན་བརྟན་ཞིང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱེད་དགོས་པར་བསྟན་ཡོད།  

ཚོགས་འདུའི་ཐོག ཕུལ་བྱུང་ལུས་རྩལ་པ་དང་རྩལ་འཁྲིད་པའི་བྱ་དགའི་ཚད་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱེད་པ་དང་། བྱ་དགའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ལུས་རྩལ་པ་དང་རྩལ་འཁྲིད་པའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྔར་བས་སྐུལ་སློང་དང་མཐོར་འདེགས་སུ་བཏང་ནས། མཚོ་སྔོན་གྱི་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཡང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།