མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་བདེ་ལེགས་ངང་གྲོལ་བ་དང་བསྟུན་ནས། ཞིང་ཆེན་སྲིད་གཞུང་གིས་མགྱོགས་མྱུར་ངང་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་དངོས་འབེབས་མཐར་ཕྱིན་བྱས་པར་མ་ཟད། ལོ་གསར་བའི་ནང་གི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་དང་ཧྲིན་ཀྲང་གཞོན་པ་ཁོང་ཡུང་། ཝང་ལིས་མེན། དབྱང་ཧྥིན་ཁྲོན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན། ཐེངས་འདིའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས”ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། གྲོས་ཚོགས་སྟེང་འདས་ཟིན་པའི་ལོ་གཅིག་གི་ལས་ཀའི་གྲུབ་འབྲས་དང་འབུར་ཐོན་གྱི་ཆར་སྤྱི་སྡོམ་བྱས་པ་དང་། ད་ལོའི་འབད་འཐབ་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་པས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་རྒྱུ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཟེར། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་“ཚོགས་ཆེན་ གཉིས”ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁ་བཤད་ལག་ལེན་དུ་བསྟར་བ། མྱུར་མོར་དམ་འཛིན་བཅས་བྱས་ནས། ལོ་ཧྲིལ་པོའི་ལས་དོན་ལ་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་དགོས། གནས་བབ་མཐོ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་ནས་གཅིག་གྱུར་ཡོང་བར་བྱེད་པ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་གྲོས་འཆམ་བྱུང་བའི་གྲོས་ཆོད་ཁག་དང་གཅིག་གྱུར་ཡོང་བར་བྱེད་པ། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་གི་སྟེང་ནས་གཅིག་གྱུར་ཡོང་བར་བྱེད་པ། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དམ་པ་དོན་གཉེར་གྱིས་ཐོག་མའི་བསམ་འདུན་ལག་ལེན་དུ་བསྟར་བ་དང་འགན་འཁྲི་ཕྲག་ཏུ་འཁུར་བ་བཅས་བྱས་ནས་ལས་དོན་དམ་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས། སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ། སྲིད་ཇུས་དོན་འཁྱོལ་ལོ་དང་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལོའི་ལས་དོན་སྔར་ལས་གཏིང་ཟབ་ཏུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་པ། ནན་ཏན་དང་གཟབ་ནན། སྤྱོད་གཙང་བཅས་ཀྱི་སྤྱོད་ཚུལ་འཛུགས་པ་བཅས་བྱས་ཏེ། དམངས་ཕྱུག་བརྟན་སྲུང་དང་ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པའི་གནད་དོན་ལ་མུ་མཐུད་དུ་བཅོས་སྐྱོང་བྱེད་དགོས། སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོས་ལས་དོན་གལ་ཆེན་དང་གནད་དོན་གལ་ཆེན། ལྷུ་ཚིགས་གལ་ཆེན། གཙོ་གནད་རྣམ་གྲངས་བཅས་ལ་ནུས་ཤུགས་གང་ཡོད་བཏོན་ནས། རིམ་པ་གཅིག་གིས་རིམ་པ་གཅིག་ལ་མིག་དཔེ་སྟོན་པ་དང་རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་གང་ཐུབ་བྱེད་དགོས། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་གཞུང་བྱ་བའི་སྙན་ཞུའི་གཙོ་གནད་ལས་འགན་གྱི་ལས་བགོས་ཇུས་གཞི་གཞིར་བཟུང་ནས་རང་འགུལ་ངང་ལས་འགན་ངོས་འཛིན་རྩིས་ལེན་བྱེད་པ་དང་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། རིམ་པ་སོ་སོའི་ལྟ་སྐུལ་ཞིབ་བཤེར་སྡེ་ཚན་གྱིས་ལྟ་སྐུལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་མཐུད་ངང་ཕན་འབྲས་འདྲི་རྩད་བྱས་ཏེ་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱེད་དགོས། འགོ་བཙུགས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། འགོ་བཙུགས་ནས་སྤྱི་ཡོངས་གཏན་འཁེལ་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། སྔ་ཙམ་ཇུས་འགོད་དང་ཕྱོགས་ཡོངས་ནས་འགོ་རྩོམ་པ། “ཉིན་བརྒྱའི་མཁྲེགས་གཏོར”གྱི་ཆེད་དོན་བྱ་སྤྱོད་དམ་འཛིན་བྱ་གཞིར་འཛིན་པ། ལས་གཞི་འགོ་རྩོམ་པའི་་དུས་འགོར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་དམ་འཛིན་ཡག་པོ་བྱེད་པ། ཁེ་ལས་ཀྱི་འགན་ལེན་ཞབས་ཞུར་ཤུགས་སྣོན་རྒྱག་པ། གནོད་འགོག་ཕྱུགས་སྲུང་དང་དཔྱིད་རྨོ་ཞིང་འདེབས་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་པ་བཅས་བྱས་ནས། དུས་ཚིགས་དང་པོར་འགོ་ཡག་པོ་འཛུགས་ཐུབ་པར་འགན་ལེན་བྱེད་དགོས། “ཚོགས་ཆེན་གཉིས་”ཀྱི་སྐབས་སུ་ལག་འབྱོར་བྱུང་བའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི།  དེ་བཞིན་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་སྲིད་གཞུང་གི་ལས་དོན་ལ་བཏོན་པའི་བསམ་འཆར་བཅས་ལ་ཚད་མཐོའི་མཐོང་ཆེན་དང་། ནན་ཏན་གྱིས་སྒྲུབ་གཉེར་དང་ལན་འདེབས་དགོས་པར་མ་ཟད། དེར་བརྟེན་ནས་སྲིད་གཞུང་གི་ལས་དོན་ལེགས་བཅོས་དང་མཐོར་འདེགས་གཏོང་དགོས་ཟེར།

གྲོས་ཚོགས་ལས་བླང་བྱ་བཏོན་དོན། དཔྱིད་གསར་དུས་ཆེན་བསུ་ལ་ཉེ་བས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྲིད་གཙང་གི་སྒྲིག་ཁྲིམས་ནན་སྲུང་བྱེད་དགོས། དཔྱིད་གསར་དུས་ཆེན་རིང་གི་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་འཚམས་འདྲི་དང་འཚམས་འདྲི་བྱེད་སྒོའི་དུས་ཚོད་དམ་འཛིན་གྱིས་སྤེལ་ནས། ཞིང་པ་དང་ལས་བཟོ་བའི་གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས། ཉེན་མེད་ཐོན་སྐྱེད་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་བྱེད་པ་དང་། མེ་གསོད་མེ་འགོག་གི་བདེ་སྲུང་ཞིབ་བཤེར་བྱེད་པ། གྲོང་ཁྱེར་གྱི་སྒྲིག་བཀོད་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་རྩད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་བྱེད་ཐབས་དོན་འཁྱོལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་དུས་བདེ་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་རོལ་རྒྱུར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།