2019ལོའི་ཟླ1པོ་ནས་ཟླ11པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར550ལས་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ནང་གི་ཀུན་གྱིས་དོ་སྣང་བྱེད་པའི་ཡུལ་སྐོར་བྱ་ཡུལ་ཆེན་པོ་བཅུའི་གྲས་སམ་ཡང་ན་ནུབ་རྒྱུད་ཀྱི་ཀུན་གྱིས་དོ་སྣང་བྱེད་པའི་སྒེར་བསྐོར་ཡུལ་སྐོར་བྱ་ཡུལ་ཡིན་པའི་མཚོ་སྔོན་ཡུལ་སྐོར་གྱི་སྙན་གྲགས་རྒྱུན་ཆད་མེད་པར་ཇེ་མཐོར་སོང་སྟེ། མཚོ་སྔོན་ལ་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་ནས་ཇེ་མང་རེད། 2019ལོའི་ཡུལ་སྐོར་གྱི་གྲུབ་འབྲས་ལ་བལྟས་ན། ཡུལ་སྐོར་མི་གྲངས་དང་ཡུལ་སྐོར་ཡོང་སྒོ་ཉིན་མ་རེ་རེ་དང་ཟླ་བ་རེ་རེར་འཕར་བ་དང་། ཡུལ་སྐོར་ཡོང་སྒོ་ནི་མཚོ་སྔོན་གྱི་ཡོང་སྒོ་གཙོ་བོའི་གྲས་སུ་གྱུར་ཡོད།

རབ་མཛེས་མཚོ་སྔོན་གྱི་སྙན་གྲགས་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་བསྟུན་ནས། མཚོ་སྔོན་གྱི་ཡུལ་སྐོར་མི་ཚོགས་ཇེ་རྒྱས་ནས་ཇེ་རྒྱས་སུ་གྱུར། ཞིང་ཆེན་སྡོམ་རྩིས་ཅུས་ཀྱིས་བསྒྲགས་པའི་གནས་ཚུལ་ཆེས་གསར་པ་ལྟར་ན། 2019ལོའི་ཟླ་དང་པོ་ནས་ཟླ11པའི་བར། རང་ཞིང་གི་ཡུལ་སྐོར་མི་གྲངས་ཀྱི་བསྡོམས་འབོར་མི་ཐེངས་ཁྲི4990.66ལ་སླེབས་པ་དང་། རིམ་བསགས་ཀྱི་འཕར་ཚད20.5%རེད། དེའི་ནང་དུ་རྒྱལ་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི4983.42ལ་སླེབས་ཡོད་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར552.64ལ་སླེབས་པས། རིམ་བསགས་ཀྱི་འཕར་ཚད20%ལ་སླེབས་ཡོད།

མུ་མཐའ་བྲལ་བའི་བྱེ་ཐང་དང་མཐའ་ཡས་པའི་རྩྭ་ཐང་། དཀར་བོང་བོང་གི་གངས་རི། གཡའ་དག་པའི་མཚེའུ་སོགས་མཚོ་སྔོན་ལ་ཕུན་སུམ་ཚོགས་ཤིང་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་མངའ། ཡུལ་སྐོར་དུས་གཞུང་དུ་ཞིང་ཆེན་ཡོངས་ཀྱི་ལྗོངས་ཁུལ་སོ་སོ་དང་ལྟད་མོ་ཁུལ་སོ་སོས་ཉིན་རེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མང་པོ་བསུས་ཤིང་། ཞིང་ཆེན་ཡོངས་ཀྱི་ལྗོངས་ཁུལ་གསར་རྙིང་མང་པོ་ཞིག་དྲ་ངོས་ནས་སྙན་གྲགས་རྒྱས་པའི་ལྗོངས་ཁུལ་དུ་གྱུར་པ་དང་། མཚོ་སྔོན་གྱི་མཛེས་ལྗོངས་དང་ཟས་མཆོག རང་ཡུལ་གྱི་མིས་བཟོས་རིག་གནས་ལྗོངས་ཁུལ་དག་གིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་འབོར་ཆེན་བཀུག

ཞེ་ཁྲེང་དྲ་བའི་གཞི་གྲངས་ཆེན་པོ་ལྟར་ན། ད་ལོའི་ཟླ7པའི་ཚུན་དུ། ཡུལ་སྐོར་ཚོགས་པར་མིང་ཐོ་བཀོད་ནས་ཡུལ་སྐོར་བྱེད་པའམ་རང་དབང་གིས་མཚོ་སྔོན་ལ་ཡུལ་སྐོར་བྱེད་པའི་ཡུལ་སྐོར་པའི་གྲངས་ཀ་དུས་མཉམ་ལས20%འཕར་བ་དང་། མཚོ་སྔོན་དུ་འཕུར་བའི་སྤ་སེ་མངགས་ཉོ་བྱེད་མཁན་དུས་མཉམ་དང་བསྡུར་ན50%ལས་བརྒལ། མེ་འཁོར་དུ་བསྡད་ནས་མཚོ་སྔོན་དུ་འགྲོ་བའི་མི་ཐེངས་དུས་མཉམ་ལས30%འཕར། “གནམ་གྲུ+སྒེར་བསྐོར་ཡུལ་སྐོར”དང“མེ་འཁོར+སྒེར་བསྐོར་ཡུལ་སྐོར”གྱི་ཡུལ་སྐོར་བྱེད་སྟངས་ལ་ཡུལ་སྐོར་པ་རྣམས་ཀྱི་དགའ་བསུ་ཐོབ་ཡོད། ཡུལ་སྐོར་པའི་གྲུབ་ཚུལ་ལ་བལྟས་ན། དབྱར་གནང་གི་སྐབས་སུ་ཁྱིམ་ཚང་ཡུལ་སྐོར་དང་སློབ་མའི་ཡུལ་སྐོར། ཚ་བྱོལ་ཡུལ་སྐོར། ལྟད་མོ་ཡུལ་སྐོར་བཅས་ཀྱི་ཡུལ་སྐོར་བྱེད་མཁན་ཇེ་མང་དུ་སོང་ཡོད། ཡུལ་སྐོར་པ་བསྐྱོད་ཡུལ་གྱི་ཁ་ཕྱོགས་ལ་བལྟས་ན། སྲོལ་རྒྱུན་ལྗོངས་ཁུལ་གྱི་འགུག་ཤུགས་མར་ལྷུང་མེད་པར། ན་གོར་མོ་གྲོང་ཁྱེར་དང་ཚྭ་འདམ་གཞོང་ཆེ་བ་སོགས་ཞིང་ཆེན་ནང་ཁུལ་གྱི་ལམ་ཐག་རིང་བོའི་ཡུལ་སྐོར་ལམ་ཐིག་དར་རྒྱས་ཆེན་པོ་བྱུང་ཡོད།

གསར་འགོད་པས་བཅར་འདྲི་བྱེད་པའི་ཁྲོད་ནས་རྒྱུས་ལོན་བྱུང་བ་ལྟར་ན།2018ལོ་དང་མི་འདྲ་བ་ནི། 2019ལོའི་མཚོ་སྔོན་གྱི་ཡུལ་སྐོར་དུས་གཞུང་གི་མགོ་རྩོམ་སྔ་བ་དང་ཡུལ་སྐོར་དུ་ཡོང་མཁན་གྱི་ཚོགས་པ་མང་། ཟླ3པ་ནས་བཟུང་། རང་ཞིང་གི་ཡུལ་སྐོར་ཚོང་ཁྲོམ་བསྟུད་མར་འཕར། ལྗོངས་ཁུལ་སོ་སོ་དང་ལྟད་མོ་ཁུལ་སོ་སོས་སྔ་མོ་ནས་སྒོ་ཕྱེས་ཏེ་ཡུལ་སྐོར་པ་བསུས་པར་མ་ཟད། ཡུལ་སྐོར་ཁང་སོ་སོས་ཀྱང་སྔ་མོ་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་བསུ་མགོ་བརྩམས། ཟླ7པའི་རྗེས་སུ་ཡུལ་སྐོར་པའི་གྲངས་ཀ་སྔར་བས་ཆེས་ཆེར་འཕར།

ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་པ་རྣམས་ཀྱིས་ཡུལ་སྐོར་ལྗོངས་ཁུལ་བྲིན་དུ་བཅུག་པ་དང་ཡུལ་སྐོར་དཔལ་འབྱོར་འཕར་དུ་བཅུག་སྟེ། ལྗོངས་ཁུལ་ནང་རོལ་དུ་ཡུལ་སྐོར་པའི་མི་གྲངས་རྒྱུན་ཆད་མེད་པར་ཆེས་མཐོ་ཤོས་བསྐྲུན་པ་དང་། ལྗོངས་ཁུལ་ལས་གཞན་ད་རུང་ཞིང་པའི་སྤྲོ་སྐྱིད་ཁང་དང་ཞིང་སྡེ་ཡུལ་སྐོར་གྱི་ཚོང་ཡང་ཤིན་ཏུ་བྲིན། ཏ་ཐུན་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཏུང་ཀྲི་ལུང་བ་སྡེ་བའི་སྡེ་མི་ཁྲིན་ཁོས་ཀྱིས་ད་ལོར་ཁོ་ཚང་གི་སྒོ་ཁ་ནས་ཞིང་པའི་སྤྲོ་སྐྱིད་ཁང་ཞིག་ཕྱེས། ཁང་པ་གྱན5དང་གསོལ་ཅོག10མ་གཏོགས་མེད་པའི་སྤྲོ་སྐྱིད་ཁང་གིས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་མི་ཉུང་བ་ཞིག་བཀུག་པ་དང་། ཁོ་ཚང་ལ་ཡོང་སྒོའང་མི་ཉུང་བ་ཞིག་བསྐྲུན། ཁྲིན་ཁོས་ཀྱིས་བཤད་རྒྱུར། སྔོན་ཆད་སྡེ་མི་ཚང་མ་ཕྱི་རུ་གླ་རྒྱག་ཏུ་འགྲོ་དགོས། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱི་ཡུལ་སྐོར་འཕེལ་རྒྱས་ཤིན་ཏུ་མགྱོགས་པས་རང་ཁྱིམ་གྱི་སྒོ་ཁ་ནས་ཡུལ་སྐོར་གྱི་ཡོང་སྒོ་འཚོལ་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ཡོད་ཟེར།

“ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི་རྒྱབ་ལྗོངས་འོག་ཏུ། མཚོ་སྔོན་གྱི་ཡུལ་སྐོར་དེ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ཡུལ་སྐོར་གྱི་འགྲིམ་འགྲུལ་དྲ་རྒྱ། རོལ་རྩེད་ཁོར་ཡུག་སྒྲིག་བཀོད་སོགས་ཀྱི་ཕྱོགས་ནས་རྒྱུན་ཆད་མེད་པར་རིམ་པར་འཕར། མཚོ་སྔོན་གྱི་ཡུལ་སྐོར་མི་གྲངས་དང་ཡུལ་སྐོར་ཡོང་སྒོ་ཚང་མ་རྒྱུན་ཆད་མེད་པར་འཕར་བ་དེས་རང་ཞིང་གི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཡུལ་སྐོར་ཐོན་ཁུངས་དང་ལམ་ཐིག་གི་འགུག་ཤུགས་ལྡབ་འགྱུར་གྱིས་འཕར་བ་ལེགས་པར་མཚོན་ཡོད”ཅེས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་འཁུར་པས་དེ་ལྟར་བཤད།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་འཁུར་པས་དབྱེ་ཞིབ་བྱས་པ་ལྟར་ན། རང་ཞིང་གི་ཡུལ་སྐོར་ཞབས་ཞུའི་མཁོ་འདོན་མ་ལག་རིམ་བཞིན་འཐུས་ཚང་དུ་གྱུར་པ་དང་ཡུལ་སྐོར་གྱི་ཐོན་རྫས་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་གྱུར། སྔོན་ཆད་མཚོ་སྔོན་གྱི་ཡུལ་སྐོར་ནི་དབྱར་སྟོན་གཉིས་ལ་ཤིན་ཏུ་དར་ཞིང་དགུན་དཔྱིད་གཉིས་ལ་ངལ་གསོ་དགོས་པ་ཞིག་རེད། ད་ལྟ་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་སྡེ་ཁག་གིས་དབྱར་དུས་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་བ་དང་མཉམ་དུ། ནུས་ཤུགས་ཡོད་རྒུས་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་བསྐྲུན་ནས། མཚོ་སྔོན་གྱི་ཡུལ་སྐོར་དུས་གཞུང་གི་ཡུན་རྒྱུན་རིང་དུ་བསྲིངས། ཉེ་བའི་ལོ་འགའི་རིང་གི་གཞི་གྲངས་ཧྲིལ་པོར་གཞིགས་ན། མཚོ་སྔོན་གྱི་ཡུལ་སྐོར་མི་གྲངས་དུས་མཉམ་དང་བསྡུར་ན་ཆ་སྙོམས་ཀྱིས20%ཡན་འཕར་ཡོད།

ཡུལ་སྐོར་པ་རྣམས་ལ་དགུན་དུས་མཚོ་སྔོན་ལ་ཡུལ་སྐོར་བྱེད་དུ་འཇུག་ཆེད། 2019ལོའི་ཟླ11པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ལྗོངས་ཁུལ་དང་ལྟད་མོ་ཁུལ་སོ་སོས་དུས་གཞུང་མ་ཡིན་པའི་གཟིགས་སྐྱོང་སྒོ་གླ་བཙོང་བའི་ཐབས་ཤེས་བཏོན་ནས། ཡུལ་སྐོར་པ་རྣམས་ལ་དགུན་ཁའི་མཚོ་སྔོན་གྱི་གཞན་ལས་ལྷག་པའི་འགུག་ཤུགས་ལ་རོལ་མྱོང་བྱེད་དུ་འཇུག་རྒྱུ་རེད། ཞིང་ཆེན་ཡོངས་ནས་རིག་གནས་དང་ཡུལ་སྐོར་གྱི་ནང་དོན་ཆེན་པོ10ཡི་བྱ་འགུལ200ལྷག་བཏོན་པ་དང་། དེའི་ནང་དུ་སྒེར་བསྐོར་ཡུལ་སྐོར་གྱི་མཛེས་ལྗོངས་ཡུལ་སྐོར་དང་དགའ་སྤྲོའི་དགུན་དུས་ཀྱི་གངས་འཁྱགས་ཡུལ་སྐོར། ཞིང་སྡེའི་དམངས་སྲོལ་གོམས་གཤིས་ཡུལ་སྐོར། མངོན་མིན་རིག་གནས་ཤུལ་བཞག་ལ་རོལ་མྱོང་བྱེད་པའི་ཡུལ་སྐོར། མཛེས་ལྗོངས་པར་ལེན་ཡུལ་སྐོར་སོགས་འདུས། དེ་དག་གིས་མཚོ་སྔོན་གྱི་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་ལམ་ཐིག་གསར་པ་དང་ཐོན་རྫས་གསར་པ་ཁྱོན་ཡོངས་ནས་ངོམ་སྟེ་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་དར་དུ་འཇུག་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།