མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ10+Nསྤྱི་པའི་ལས་ཞུགས་ཞབས་ཞུའི་རྣམ་པ་གསར་པ་བཏོད་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་པར། 2019ལོའི་ཚུན་དུ་མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ“10+N”སྤྱི་པའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོའི་རྣམ་པ་གསར་པ་བཏོད་ཅིང་། རིམ་རྩིས་བརྒྱབ་ན་རིགས་ཁག་གི་ཆེད་དོན་གདན་ཞུའི་ཚོགས་འདུ་ཐེངས390འཚོགས་པ་དང་། ལས་ཞུགས་ལས་གནས་ཁྲི23.1མཁོ་འདོན་བྱས་ལ། ལས་ཞུགས་ཞབས་ཞུ་དང་སྲིད་ཇུས་བློ་འདྲི་མི་ཐེངས་ཁྲི6.1མཁོ་འདོན་བྱས་ཏེ། ཧུར་ཐག་གིས་གཙོ་གནད་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་བཏང་བ་རེད།

གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་དང་། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ། དམག་ཁོངས་ནས་ཕྱིར་བུད་པའི་མི་སྣ། ཁེ་ལས་ཀྱི་ཐོན་ནུས་འདོར་བའི་ཁག་བགོས་ལས་བཟོ་བ། དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས། དབང་བོ་སྐྱོན་ཅན། བུད་མེད་སོགས་རིགས་ཁག་གི་གཙོ་གནད་ལས་ཞུགས་མང་ཚོགས་ལ་དམིགས་ནས། ངལ་རྩོལ་པ་སྣ་ཚོགས་ཀྱིས་ཧེ་བག་ལྡན་པའི་སྒོ་ནས་ལས་ཀ་འཚོལ་བའི་དགོས་མཁོར་གཞིགས་ནས། མི་དང་ལས་གནས་སྙོམ་སྒྲིག་བྱེད་ཚད་དང་ལས་ཞུགས་བྱེད་ཚད་མཐོ་རུ་བཏང་སྟེ། ལོ་དང་པོ་ནས་ལོ་མཇུག་བར་དང་། “ལས་ཞུགས་རོགས་སྐྱོར་ཟླ་བ”དང་། “དཔྱིད་ཀའི་བྱེད་སྒོ”“དམངས་གཉེར་ཁེ་ལས་ལས་མི་བསྡུ་བའི་གཟའ་འཁོར”“ལས་ཞུགས་དབུལ་སྐྱོར་བྱེད་སྒོ་ཉིན་མོ”“སྟོན་ཀའི་ལས་མི་བསྡུ་བའི་ཟླ་བ”“མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་གཟའ་འཁོར”སོགས་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོ་ཁག10དང་། “མཚོ་ནུབ་ཀྱི་འཕངས་འབྲས་འཐུ་བ”“ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་ངལ་རྩོལ་ལས་ཀར་རོགས་སྐྱོར”སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་ཁག་གང་མང་རྒྱུན་མཐུད་ངང་སྤེལ་ནས་ལོ་ལྟར་བརྗོད་དོན་གཙོ་བོ་ཡོད་པ་དང་། ཟླ་རེར་བྱེད་སྒོ་ཡོད་པ། གཟའ་འཁོར་རེར་ལས་མི་བསྡུ་བའི་ཚོགས་འདུ་ཡོད་པ་བཅས་ཀྱི་ཕྱོགས་ཡོངས་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་རྒྱུན་འཁྱོངས་བྱས་ཡོད་པ་རེད།

ས་གནས་ངལ་རྩོལ་ནུས་ཤུགས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ས་ཁོངས་ལས་བརྒལ་ནས་ལས་ཞུགས་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། “མཚོ་ནུབ་ཀྱི་འཕངས་འབྲས་འཐུ་བའི་”ངལ་རྩོལ་ནུས་ཤུགས་ཀྱི་ལས་མི་ལོ་རེར་ཆ་སྙོམས་མི་ཁྲི9ཡས་མས་སུ་རྒྱུན་འཁྱོངས་ཐུབ་པ་དང་། མི་རེའི་ཆ་སྙོམས་ངལ་རྩོལ་ནུས་ཤུགས་ཡོང་འབབ་སྒོར7000ཙམ་ལ་སླེབས་ནས་རང་ཞིང་གི་ཕུལ་བྱུང་གི་སྲོལ་རྒྱུན་ངལ་རྩོལ་ནུས་ཤུགས་སྤུས་རྟགས་སུ་གྱུར་ཏེ། རང་ཞིང་གི་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད། ཤར་ནུབ་མཉམ་ལས་ལ་བརྟེན་ནས་ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་གི་ཐབས་ལམ་རྒྱ་ཆེར་གཏོང་དགོས་ལ། 2019ལོར་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱིས་ཡིག་ཚགས་དང་བྱང་བུ་བཟོས་པའི་ངལ་རྩོལ་པ་དབུལ་པོ387སྒྲིག་འཛུགས་བྱས་ནས་ཅང་སུའུ་ཞིང་ཆེན་གྱི་ཁེ་ལས་སུ་ལས་ཞུགས་བརྟན་ཆགས་ཡོང་ཐུབ་པ་བྱས་ཡོད། 

དེ་དང་ཆབས་ཅིག་རིམ་པ་ཁག་གི་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞིས་གྲོང་ཚོ་དང་གྲོང་རྡལ་སྡེ་ཁུལ་དུ་མཐིལ་རྟོགས་བརྟག་དཔྱད་གཏིང་ཟབ་བྱས་ཏེ། “ལས་གནས་དང་། གསོ་སྦྱོང་། སྲིད་ཇུས། ཞབས་ཞུ”བཅས་ཀྱི་བྱེད་སྒོ་མུ་མཐུད་དུ་སྤེལ་ནས་དབང་བོ་སྐྱོན་ཅན་དང་། མ་མཐའི་འཚོ་བའི་འགན་སྲུང་དུད་ཚང་། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ངལ་རྩོལ་པར་ལས་ཞུགས་རོགས་སྐྱོར་གྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད། 2019ལོར་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི3528ལ་རོགས་སྐྱོར་བྱས་ནས་ལས་ཞུགས་བྱེད་མཁན་མེད་པའི་ཁྱིམ་ཚང་གཙང་སེལ་བྱེད་ཐུབ་པ་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།