ཝང་ཅན་ཅུན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་མཉམ་འབྲེལ་ཚན་ཆུང་གི་གྲོས་སྡུར་ལ་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་གུང་གཞོན་ཚོགས་པ་དང་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། རིག་གནས་སྒྱུ་རྩལ། ལུས་རྩལ། གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་བྱས་ཤིང་། རྒྱ་ཆེའི་ཨུ་ཡོན་རྣམས་ལ་ལོ་སར་གྱི་སྨོན་འདུན་ཞུས་པར་མ་ཟད་མཉམ་འབྲེལ་ཚན་ཆུང་གྲོས་ཚོགས་ལ་ཞུགས་ཏེ་བསམ་འཆར་དང་བསམ་ཚུལ་ལ་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མ་ཅི་ཞོ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོ་ཡུང་དང་ཝང་ཞོན་གཉིས་ཀ་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ཏུ་ཨུ་ཡོན་ཉི་མ་རྒྱལ་མཚན་དང་ཏོན་ཁྲོན་ཧེ། ཁང་དབྱིན་སོགས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ནུས་པ་ཇེ་ཆེར་གཏོང་བ་དང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ་གྲུབ་འབྲས་ལེན་པ་དང་། སྲིད་གྲོས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྒྱང་སྒྲོག་བརྙན་འཕྲིན་ལས་དོན་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བ། རིག་གནས་གནས་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས། ཝང་ཅན་ཅུན་གྱིས་ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ནན་ཏན་སྒོས་ཉན་པར་མ་ཟད་བསམ་བློ་བརྗེ་རེས་བྱས། ཁོས་བསྟན་དོན།

ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་བརྗོད་དོན་འབུར་དུ་ཐོན་ཞིང་ནང་དོན་ཕུན་སུམ་ཚོགས་པ་ཡིན་པ་དང་། དེ་ལས་ཏང་དང་མི་དམངས་ནམ་ཡང་ཡིད་ལ་བཅངས་ཤིང་འགན་འཁྲི་ནམ་ཡང་ལག་བསྟར་བྱས་པ་གང་ལེགས་སྒོས་མཚོན་པར་བྱས་ཡོད་པས། ང་རང་ཡིད་འཐད་བྱུང་ཡོད། འདས་པའི་ལོ་གཅིག་གི་ནང་དུ་ཞིང་ཆེན་སྲིད་གྲོས་ཀྱིས་གསར་སྐྲུན་རང་བཞིན་གྱི་བྱ་བ་གང་མང་བསྒྲུབས་པ་དང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་ཡིད་ཚིམས་པ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཁས་ལེན་ཐོབ་པའི་གྲུབ་འབྲས་བླངས་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།