ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས16ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་བས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས། ཡོངས་བསྒྲགས་ཚོགས་འདུ་རུ་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་ཨུ་ལྷན་གཞུང་ལས་ཁང་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་རྩ་བ་གྲོང་རྡལ་འབུམ་ཁང་ཁུག་གྲོང་ཚོའི་ཀྲི་པུའུ་སོགས་ལས་ཁུངས8གདན་འདྲེན་ཞུས་ཡོད། “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་རླབས་པོ་ཆེ་ལེན་རྒྱུ”ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ནས་གསར་འགྱུར་ཁྱབ་བསྒྲགས་བྱས་ཤིང་། གླེང་མདོ་དང་དཀའ་མདོར་ཐད་རྒོལ་བྱས་ནས་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་ཡུལ་ལ་གཏམ་ལན་བཏབ་ཡོད།
ཟླ1པོའི་ཚེས15ཉིན། ཧྲིན་ཀྲང་ལིའུ་ཉིང་གིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་བའི་འགོ་ཚུགས་ཚོགས་ཆེན་ཐོག་སྲིད་གཞུང་བྱ་བའི་སྙན་ཞུ་གནང་། སྙན་ཞུས་དུས་རབས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་ཅིང་མི་དམངས་ཀྱི་རེ་སྒུག་དང་བསྟུན་ཡོད། སྙན་ཞུ་ཧྲིལ་པོ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་འབྲེལ་ཞིང་། ན་ནིང་གི་བྱ་བའི་ཕྱོགས་སྡོམ་དངོས་ཐོག་བདེན་འཚོལ་ཡིན་ལ་དངོས་ཡོད་དང་མཐུན་ལ་ཆ་ཚང་བ། ད་ལོའི་བྱ་བའི་བཀོད་སྒྲིག་གི་དམིགས་ཚད་ཁ་གསལ་ཞིང་བྱ་ཐབས་ནུས་ལྡན་ཡིན་པས། མཚར་སྡུག་ལྡན་པའི་གྲུབ་འབྲས་བསྟན་ཞིང་རྔམ་བརྗིད་ལྡན་པའི་འཆར་གཞི་ཡག་པོ་བཟོས་ལ། ཕྲ་ཞིང་ཞིབ་པའི་ལམ་རིས་བྲིས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མངོན་ཡོད། ངོ་སྤྲོད་བྱས་པ་ལྟར་ན་ད་ལོའི་ཚོགས་འདུའི་རིང་སྲིད་གཞུང་བྱ་བའི་སྙན་ཞུ་ཡི་ནང་དོན་གཙོ་བོར་དམིགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་སྒྲིག་འཛུགས་བྱ་རྒྱུ་རེད།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོའི་ཆུ་ཚོད་གཉིས་ལྷག་གི་རིང་། སྡེ་ཁག་བརྒྱད་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུར་དམིགས་ནས་རྩེར་སོན་ཞིང་དངོས་དོན་ལྡན་པའི་ཡོངས་བསྒྲགས་བྱས་པས་ཡོངས་བསྒྲགས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད།
ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཧོའུ་ཕེང་ཉིང་གིས2019ལོར་མཚོ་སྔོན་ཞིང་ཆེན་གྱི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་བའི་འཕེལ་རིམ་དང་ཕན་འབྲས་ངོ་སྤྲོད་བྱས་པ་དང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ལི་ཞའོ་ནན་གྱིས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་གནས་དང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ཕན་འབྲས། དེ་བཞིན་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་བཅས་ངོ་སྤྲོད་བྱས། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མཱ་ཀྲེང་ཅུན་གྱིས2019ལོའི་མཚོ་སྔོན་ཞིང་ཆེན་གྱི་དབུལ་གཅོག་ལས་འགན་དང“གཙང་སེལ”དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་ངོ་སྤྲོད་བྱས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་སི་ཝུན་ཤོན་གྱིས2019ལོར་མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་བརྒྱད་ཀྱི་བཀོད་སྒྲིག་གིས་བླངས་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ངོ་སྤྲོད་བྱས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་གཞོན་པ་མའོ་ཅང་མིང་གིས2019ལོར་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་དང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ཤེ་ཞའོ་ཕིང་གིས་ཀུང་སིའི་སྤུས་ཚད་མཐོ་པོས་འོད་ཤུགས་ཐོན་ལས་འཕེལ་རྒྱས་བཏང་སྟེ་ནུས་རྒྱུ་གསར་པ་གཏོད་པའི་མཐོ་ས་བཟུང་ཚུལ་ངོ་སྤྲོད་བྱས། ཡུལ་ཤུལ་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཅིན་མགོན་པོས2019ལོའི་ཡུལ་ཤུལ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་དང་འགན་ལེན་ཐད་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས། མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་རྩ་བ་གྲོང་འབུམ་ཁང་ཁུག་གྲོང་ཚོའི་བཅའ་སྡོད་ཧྲུའུ་ཅི་དང་པོ་རྡོ་རྗེ་རབ་བརྟན་གྱིས་འབུམ་ཁང་ཁུག་གྲོང་ཚོའི་དབུལ་ཐར་འགག་སྒྲོལ་གྱི་གནས་ཚུལ་ངོ་སྤྲོད་བྱས།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པམ་དྲིལ་བསྒྲགས་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཀྲི་མིང་གིས་གཙོ་སྐྱོང་གནང་བ་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གསར་འགྱུར་ལས་ཁུངས་དང་ཞིང་ཆེན་རིམ་པའི་གསར་འགྱུར་སྨྱན་སྦྱོར་ཚོགས་འདུའི་གསར་འགོད་པ་ཚོགས་འདུར་ཞུགས།
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་བས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།