ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་ཤར་འཐུས་མི་ཚོགས་པ་དང་ཡུལ་ཤུལ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཁོང་གིས་དུས་རབས་གསར་བར་འབད་འཐབ་དང་བྱས་རྗེས་གསར་པ་མངོན་པར་བྱས་ཏེ་སྲིད་གཞུང་གི་ལས་དོན་སྙན་ཞུ་ནང་ཕྱོགས་སྡོམ་བྱས་པའི་ཉམས་མྱོང་དང་། བླང་བྱ། བཀོད་སྒྲིག་བཅས་ལ་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ་ལེན་པ། བེད་སྤྱོད་ཡག་པོ་བཅས་བྱས་ཏེ་ལག་ལེན་གསར་བའི་ཁྲོད་བྱས་རྗེས་གསར་བ་འཇོག་དགོས་ཟེར།
གྲོས་ཞིབ་ཁྲོད། ཉའོ་ཁྲེང་ཡུན། ཝང་ལིན་ཧུའུ། ཏའེ་ཁྲའོ་ཡན། ལི་ལེན་ཧོ། ཅིན་ལི། ཧན་ཅིང་ལུའུ། ཚེ་རིང་ཐར། གནམ་གཡང་སོགས་འཐུས་མི་ཡིས་སྔ་གཞུག་ཏུ་ཙོང་ཆུའི་ཁུལ་གསར་འཛུགས་སྐྲུན་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཞི་རིམ་གྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ། རིག་གནས་བྱ་གཞག་འཕེལ་རྒྱས་སུ་གཏོང་བ། འཐེན་ཐུག་ཐོན་ལས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་བདེ་འཇགས་འགོག་རགས་བརྟན་པོ་འཛུགས་པ། སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་ཐད་ནས་གཏམ་བཤད་སྤེལ། ཝང་ཅན་ཅུན་གྱིས་ཉན་ཞོར་དུ་ཟིན་བྲིས་བཀོད་དེ་འཐུས་མི་རྣམས་དང་གྲོས་བསྡུར་ནན་ཏན་བྱས།
ཝང་ཅན་ཅུན་གྱིས་བཤད་རྒྱུར། སྲིད་གཞུང་གི་བྱ་བའི་སྙན་ཞུར་ཆབ་སྲིད་གཙོར་གླེང་དང་ནང་དོན་རྒྱ་ཆེ་བ། གཏན་ཚིགས་ལྡན་པ། གསར་གཏོད་ལ་མཐོང་ཆེན། མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པ། རྩོམ་སྲོལ་ལེགས་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། དེ་ནི་དུས་རབས་འཕེལ་རྒྱས་ཀྱི་རྗེས་སུ་དམ་པོར་འབྲང་བ་དང་། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ། མི་དམངས་ཀྱི་རེ་འདོད་དང་བསྟུན་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་དང་། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་ཏང་ཨུའི་བླང་བྱ་དོན་འཁྱོལ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་ལག་བསྟར། རང་ངོས་འཛུགས་སྐྱོང་གི་ལས་དོན་སོ་སོ་དམ་འཛིན་ཡག་པོ་བཅས་བྱས་ཡོད་པས། དེ་ནི་བརྗོད་བྱ་གཙོ་བོ་མངོན་གསལ་ཡིན་ཞིང་། ཁྱད་ཆོས་མངོན་གསལ་ལྡན་པ། རྩོམ་སྲོལ་བབ་ཆགས་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད། དེ་བས་སྙན་ཞུ་འདི་གཉིས་ལ་རྦད་དེ་ཡིད་མཐུན་བྱུང་བ་ཡིན་ཟེར།
མཚོ་ཤར་འཐུས་མི་ཚོགས་པའི་གྲོས་ཞིབ་ཁྲོད། ཝང་ཅན་ཅུན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུའི་བཀོད་སྒྲིག་དངོས་འབེབས་ཡག་པོ་བྱེད་པ། འཕེལ་རྒྱས་གསར་བའི་འདུ་ཤེས་རྒྱུན་འཁྱོངས་བཅས་བྱས་ཏེ། གྲོང་ཁྱེར་ལ་འགྱུར་ལྡོག་ཡོད་པ་དང་། མང་ཚོགས་ལ་མྱོང་ཚོར་ཡོད་པ། སྤྱི་ཚོགས་ཀྱིས་ཁས་ལེན་པ་བཅས་ཀྱི་མཚོ་ཤར་གསར་བ་འཛུགས་སྐྲུན་བྱས་ནས། “མ་དངུལ་གང་ནས་ཡོང་བ་དང་། མི་གང་ལ་འགྲོ་བ། བྱ་བ་གང་དུ་སྒྲུབ་པ། ཕྱོགས་གང་ནས་གྲུབ་འབྲས་ལེན་རྒྱུ”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ནུས་ཤུགས་ཡོད་རྒུས་བཟོ་ལས་དམ་འཛིན་བྱེད་པ་དང་། རང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ལེགས་པོ་གསོ་སྐྱོང་ཧུར་ཐག་བྱས་ཏེ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་གསོ་སྐྱོང་བྱེད་པ་དང་། གྲོང་ཁྱེར་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། གོ་སྐབས་ལས་རྩ་ཆེ་བའི་ཐོན་ཁུངས་མེད་ལ། དངོས་སྒྲུབ་ལས་གལ་འགངས་ཆེ་བའི་ནུས་པའང་མེད་པས། རང་ངོས་ནས་གཞི་ཚུགས་ཏེ་ལེགས་ཆ་འདོན་སྤེལ་བྱས་ནས“རྒྱུད་གཅིག་ལམ་གཅིག”དང་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་མགྱོགས་མྱུར་ངང་མཉམ་འདྲེས་བྱེད་པ་དང་། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པའི་འཕེལ་རྒྱས་ཁྲོད་མཉམ་འདྲེས་བྱེད་པ་ཇེ་མགྱོགས་སུ་བཏང་ནས། གནད་སྦྲེལ་དང་ཁྱོན་ཡོངས་སྦྲེལ་བ། ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་མཚོ་ཤར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་བ་རེད།
ཡུལ་ཤུལ་འཐུས་མི་ཚོགས་པའི་གྲོས་ཞིབ་ཁྲོད། ཝང་ཅན་ཅུན་གྱིས་ད་ལོ་ནི་ཡུལ་ཤུལ་དུ་ས་ཡོམ་བྱུང་ནས་ལོ་ངོ་བཅུ་འཁོར་བའི་ལོ་ཡིན་པས་རྗེས་དྲན་བྱ་བ་ཡག་པོ་སྤེལ་ནས་དུས་རབས་གསར་བར་འབད་འཐབ་བྱ་རྒྱུ་དེ་ཡུལ་ཤུལ་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་པ་རེད། ཁ་སང་དང་། དེ་རིང་། སང་ཉིན་བཅས་ལ་གཞི་ཚུགས་དགོས་ཤིང་། ལོ་རྒྱུས་ཀྱི་དཀའ་སྡུག་དང་འོད་སྟོང་ལྡན་པ་གང་ཞིག་ཡིན་རུང་བརྗེད་མི་རུང་བ་དང་། དོན་དངོས་ཀྱི་གནས་བབ་ལེགས་པོ་དང་ངན་པ་གང་ཞིག་ཡིན་རུང་ཚང་མར་ཁ་གཏད་ཧུར་ཐག་འཇལ་དགོས་ལ། མ་འོངས་བ་མཐོང་བའམ་ཡང་ན་སྔོན་དཔག་བྱེད་པ་གང་ཡིན་རུང་དཀའ་སྤྱད་འབད་འཐབ་བྱེད་དགོས། དྲིན་ཚོར་དང་། བཀའ་དྲིན། མྱོང་ཚོར་བཅས་ལ་གཞི་ཚུགས་ནས། ཏང་གི་འགོ་ཁྲིད་ཀྱི་བློ་བརྟན་འགྱུར་མེད་རང་བཞིན་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན། སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་གི་དྲོ་སྐྱིད་ཆེན་མོ་བཅས་མངོན་པར་མཚོན་དགོས། སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བ་བཅས་ལ་གཞི་ཚུགས་ནས། སྐྱེ་ཁམས་ནི་ཆུ་དང་འདྲ་ལ། ཐོན་སྐྱེད་ནི་གྲུ་དང་མཚུངས་ཤིང་། འཚོ་བ་ནི་གྲུ་ཁེམ་ལྟ་བུ་ཡིན་པའི་འདུ་ཤེས་འཛིན་དགོས་ཤིང་། ཆུ་འཇགས་པ་དང་། གྲུ་བརྟན་པ། གྲུ་བསྐྱོད་པར་ཤུགས་ལྡན་ན། ད་གཟོད་བརྟན་བརླིང་ངང་རྒྱང་རིང་དུ་བསྐྱོད་ཐུབ། མི་རིགས་དང་། དམངས་སེམས། དམངས་འཚོ་བཅས་ལ་གཞི་ཚུགས་ནས། མི་རིགས་ལ་གཅེས་སྐྱོང་དང་། དམངས་སེམས་བརྩོན་ལེན། དམངས་འཚོར་གཟིགས་སྐྱོང་ཅས་བྱས་ཏེ། མི་རིགས་ཀྱི་སྤོབས་སེམས་ལ་སྐུལ་སྤེལ་བྱེད་པ་དང་། དམངས་སེམས་གོང་བུ་གཅིག་ཏུ་བསྒྲིལ་ནས་དམངས་འཚོའི་ལས་དོན་མུ་མཐུད་དུ་ཡག་པོར་བསྒྲུབ་རྒྱུར་ཤུགས་བསྣོན་དགོས། རང་སྐྱོང་དང་སྤྱོད་སྐྱོང་། ཁྲིམས་སྐྱོང་བཅས་ལ་གཞི་ཚུགས་ཏེ། ལམ་ལུགས་ལྟར་ལས་ཀ་སྒྲུབ་པ་དང་། བློ་འགུག་ལ་བརྟེན་ནས་ལས་དོན་སྒྲུབ་པ། བཅོས་སྐྱོང་ལ་གཞིགས་ནས་བྱ་བ་སྒྲུབ་པ་བཅས་ཀྱིས་ཁྱོན་ཡོངས་བརྟན་ལྷིང་དང་སྤྱི་ཚོགས་ཞི་མཐུན། མི་དམངས་བདེ་འཇགས་བཅས་ཡོང་བར་ཁག་ཐེག་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཝང་ཅན་ཅུན་མཚོ་ཤར་དང་ཡུལ་ཤུལ་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།