ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བཀོད་སྒྲིག་དང་རྨས་མར་སྨན་བཅོས་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པ།

ཝང་ཅན་ཅུན་དང་ལིག་ཉིང་གིས་མྱུར་སྐྱོབ་བྱ་བར་བཀོད་སྒྲིག་མཛད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས14ཉིན། ཟི་ལིང་གྲོང་ཁྱེར་གྱི“1·13”ཐོལ་བྱུང་དོན་རྐྱེན་གྱི་འཚུབ་བསྟུན་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། གྲོས་ཚོགས་ལས་རྒྱལ་དོན་ཨུ་ཡོན་ཝང་ཡུང་དང་འཚུབ་བསྟུན་དོ་དམ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་རྒྱལ་ཁབ་པུའུ་ཨུའི་འབྲེལ་ཡོད་བློ་མཐུན་གྱི་མཆན་བཀོད་བླང་བྱ་བརྒྱུད་བསྒྲགས་བྱས་པ་མ་ཟད། རྗེས་མའི་བྱ་བ་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བློ་མཐུན་ཝང་ཡུང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་བྱས་ཡོད་དེ། ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བཀོད་སྒྲིག་དང་རྨས་མར་སྨན་བཅོས་བྱེད་པ་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་ནས་མི་སྣའི་ཤི་རྨས་གནས་ཚུལ་ཇེ་ཉུང་དུ་གཏོང་དགོས་པ་དང་། གནས་ཚུལ་རྩད་གཅོད་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། དེ་དང་ཆབས་ཅིག་སྔར་ལས་ལྷག་པའི་སྒོ་ནས་བྱ་ཐབས་སྤྱད་དེ་ས་གནས་ཁག་གིས་དོན་རྐྱེན་བྱུང་བའི་ཉམས་མྱོང་བསྡུ་ལེན་བྱ་རྒྱུ་དང་། བདེ་འཇགས་ཐད་ཀྱི་རྐྱེན་ངན་གྲལ་བཤེར་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ཐད་ཀྱི་དོན་རྐྱེན་སྣ་ཚོགས་འབྱུང་བར་ནན་འགོག་བྱེད་དགོས་ཟེར། 

 ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཟི་ལིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཞའོ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་བཅས་ཀྱིས་ཉེན་སེལ་རོགས་སྐྱོབ་བྱ་བའི་འཕེལ་རིམ་སྐོར་གྱི་གནས་ཚུལ་ལ་སྙན་ཞུ་ཕུལ་བ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་མགོན་པོ་བཀྲ་ཤིས་དང་། ཀྲང་ཞི་མིང་། ཡུས་ཚུང་ལི། ཡན་པའེ་བཅས་དང་། ཧྲིན་ཀྲང་གཞོན་པ་ཝང་ཀྲེང་ཧྲེང་བཅས་ཚོགས་འདུར་ཞུགས། གྲོས་ཚོགས་སྟེང་འཚུབ་བསྟུན་བཀོད་འདོམས་པུའུ་བཙུགས་པ་དང་། དེའི་ཁྲོད་ཕྱོགས་བསྡུས་མཐུན་སྦྱོར་དང་། ཉེན་སེལ་རོགས་སྐྱོབ། སྨན་བཅོས་སྲོག་སྐྱོབ། བདེ་འཇགས་སྲུང་སྐྱོབ། ལག་རྩལ་འགན་སྲུང་སོགས་ལས་དོན་ཚོགས་ཆུང8བཙུགས་ཡོད། 

གྲོས་ཚོགས་ལས་བསྟན་དོན། ཟི་ལིང་གྲོང་ཁྱེར་རྒྱ་གྲམ་དམར་པོའི་སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཀྱི་ལམ་ངོས་བརྡིབས་པའི་ཐོལ་བྱུང་དོན་རྐྱེན་བྱུང་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་མྱུར་དུ་ཡུལ་དངོས་སུ་ཕེབས་ནས་དུས་ཐོག་ཏུ་བཀོད་སྒྲིག་བྱས་པས་དམག་མིའི་སེམས་པ་བརྟན་པོ་དང་དམངས་སེམས་བརྟན་པོ་ཡོང་བར་ཕན་ནུས་ངེས་ཅན་ཐོན། མེ་གསོད་དང་འཚུབ་བསྟུན། སྤྱི་བདེ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་བློ་མཐུན་གྱིས་དགུན་དུས་གྲང་ངར་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསལ་ནས་ཉེན་སེལ་རོགས་སྐྱོབ་བྱ་བ་ཧུར་ཐག་གིས་སྤེལ་བར་མྱུར་སྐྱོབ་བྱ་བ་ཚན་རིག་དང་མཐུན་པ་དང་། ནུས་པ་ལྡན་པ། གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཡོང་བར་ཁག་ཐེག་བྱས། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྒྱལ་དོན་ཨུ་ཡོན་ཝང་ཡུང་དང་དེ་མིན་འཚུབ་བསྟུན་དོ་དམ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་རྒྱལ་ཁབ་པུའུ་ཨུའི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དངོས་འབེབས་བཅས་བྱས་ཏེ།ཁྲིམས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་ནུས་པ་མཐོན་པོ་ལྡན་པ་དང་འོས་འཚམ་བཅས་ཀྱི་སྒོ་ནས་རྗེས་མཐུད་ཀྱི་ལས་དོནཐག་གཅོད་ཡག་པོ་བྱ་དགོས། མི་སྣ་འཚོལ་སྐྱོབ་དང་རྨས་མར་མྱུར་སྐྱོབ་བྱེད་པའི་ལས་དོན་དེ་ཨང་དང་པོར་བཞག་ནས་གནོད་འཚེ་ཕོག་ཚད་ཆེས་དམའ་ཤོས་སུ་གཏོང་དགོས། འདས་པོ་ཚོར་མྱ་ངན་ཡང་དག་ཞུ་དགོས་པ་དང་། རྨས་མར་བྱམས་བརྩེའི་ངང་འཚམས་འདྲི་ཞུ་དགོས། ནུས་ཤུགས་ཡོད་དགུས་འཚམས་འདྲིའི་སེམས་གསོ་དང་འདས་མཇུག་ལེགས་བསྡུས་སོགས་ཀྱི་བྱ་བ་ཡག་པོར་བསྒྲུབ་དགོས། ངེས་ཤུགས་རྒྱུན་འཁྱོངས་དང་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ་ཚན་རིག་དང་མཐུན་པའི་སྙིང་སྟོབས་ལ་བརྟེན་ནས་ཡུལ་དངོས་ཀྱི་བཀོད་གཏོང་ཐག་གཅོད་ཡག་པོ་བྱ་རྒྱུ་དང་། ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། གནོད་འཚེ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས། མངོན་མེད་རྐྱེན་ངན་སྣ་ཚོགས་སེལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་མཐའ་འཁོར་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་བྱ་རྒྱུ་དང་། མང་ཚོགས་ཀྱི་རྒྱུན་གཏན་བྱ་བ་དང་འཚོ་བ་སླར་གསོ་ཐུབ་བར་བྱ་དགོས། རྒྱལ་ཁབ་ཀྱི་པུའུ་ཨུས་ལས་དོན་སྤེལ་བར་གཞོགས་འདེགས་བྱས་ནས། ཆེད་མཁས་པའི་སྟོབས་ཤུགས་ལ་བརྟེན་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལ་བསྟུན་རྒྱུ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ། རྒྱུ་རྐྱེན་ལ་བརྟག་དཔྱད་དང་དབྱེ་ཞིབ་བྱས་ཏེ་ལུགས་མཐུན་གཞུང་དྲང་དང་ནུས་པ་ལྡན་པའི་བསྡོམས་ཚིག་སྒྲོག་དགོས། ཆ་འཕྲིན་ཁྱབ་བསྒྲགས་སོགས་ཀྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས་ཆ་འཕྲིན་གྱི་དུས་ཐོག་རང་བཞིན་དང་། ནུས་ལྡན་རང་བཞིན། གནད་སྨིན་རང་བཞིན་བཅས་ལ་ཁག་ཐེག་བྱེད་དགོས། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་དང་ལེན་བྱ་རྒྱུ་དང་། མི་རིགས་སོ་སོའི་མང་ཚོགས་རྣམས་གཅེས་སེམས་དང་རོགས་སྐྱོབ་ནང་ཞུགས་པའི་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བར་བརྟེན་ནས་ཉམས་མྱོང་ཕྱོགས་སྡོམ་དང་། བསླབ་བྱ་བསྡུ་ལེན། གཅིག་ཤེས་ཀུན་གྲོལ་བཅས་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོའི་ལས་དོན་སྤེལ་ནས་དེ་དང་འདྲ་བའི་དོན་རྐྱེན་གཞན་དག་འབྱུང་བ་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།