ཀྲང་ཀོང་རོང་གིས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་གྲ་སྒྲིག་གནས་ཚུལ་ཐད་ནས་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་དང་མཚོ་སྔོན་མགྲོན་ཁང་། ཧྥུའུ་ལིས་ཝན་ཏཱ་ཅཱ་དཔའ་མགྲོན་ཁང་བཅས་སུ་སོང་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་གྲ་སྒྲིག་བྱ་བ་སྣ་ཚོགས་ལ་ཞིབ་བཤེར་བྱས།

ཀྲང་ཀོང་རོང་སོགས་སྔ་གཞུག་ཏུ་ཚོགས་ར་བཀོད་སྒྲིག་དང་། བཟའ་བཏུང་དང་སྡོད་གནས་བཀོད་སྒྲིག བདེ་འཇགས་སྲུང་སྐྱོབ། མཁོ་སྒྲུབ་འགན་སྲུང་སོགས་གནས་ཚུལ་ལ་ལྟ་ཞིབ་ཞིབ་མོ་བྱས་པར་མ་ཟད། ཞིབ་ཕྲའི་གནད་དོན་ཐད་ནས་ལེགས་བསྒྱུར་གྱི་བསམ་འཆར་བཏོན།

ཀྲང་ཀོང་རོང་གིས་བསྟན་དོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་ཚན་ཆུང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་བསམ་བློའི་སྟེང་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། གཅིག་གྱུར་མཐུན་སྦྱོར་བྱེད་པ་རྒྱུན་འཁྱོངས་བྱེད་པ། རྩ་འཛུགས་འགོ་ཁྲིད་ཇེ་དྲག་ཏུ་གཏོང་བ། འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཞབས་ཞུའི་བྱ་བ་བཟང་བོར་བསྒྲུབ་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་སྔར་ལས་མཐོར་འདེགས་གཏོང་དགོས། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ཞིབ་ཆར་དོ་སྣང་བྱེད་པ། རྒྱུད་རིམ་དོ་དམ་ཇེ་དྲག་ཏུ་བཏང་ནས། བྱ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་སྐྱོན་ཆ་མི་འབྱུང་བར་ཁག་ཐེག་བྱེད་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། ཞབས་ཞུ་གསར་གཏོད་བྱེད་པ། སྒྲིག་ལམ་ཇེ་དམ་དུ་གཏོང་བ། བདེ་འཇགས་འདུ་ཤེས་དང་ལྟ་ཞིབ་ལག་བསྟར་ལ་ཤུགས་སྣོན་པ། མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་འདུ་ཤེས་ཇེ་བརྟན་དུ་གཏོང་བ། འགན་ནན་མོ་ཁུར་བའི་རྣམ་འགྱུར་དང་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་དང་། ནན་ཏན་དང་ཞིབ་ཕྲའི་སྤྱོད་ཚུལ་དང་དངོས་གཉེར་ཕན་མཐོའི་བྱེད་ཐབས་ལ་བརྟེན་ནས། ཚོགས་ཆེན་བདེ་བླག་ངང་བསྡུ་བར་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།