ཝང་ཅན་ཅུན་གྱིས་འབྲི་ཆུའི་འགོ་ཁུངས་གྲོང་སྡེའི་གྲོང་མི་ཡོངས་ལ་གཟིགས་སྐྱོང་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་འགོ་ཁུངས་གྲོང་སྡེ་ལ་ཆེད་དུ་ཕེབས་ཤིང་དུད་ཚང་དུ་བསྐྱོད་ནས། གཙང་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་གནས་སྤོས་མང་ཚོགས་ལ་གཟིགས་སྐྱོང་གནང་བ་དང་། ཚང་མར“ཁྱེད་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ད་དུང་རིང་པོ་ཡོད་པ་རེད”ཅེས་སྨོན་འདུན་ཡང་ཞུས་པ་རེད། ལོ་གསུམ་ལྷག་ཙམ་རིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་འབྲི་ཆུའི་འགོ་ཁུངས་གྲོང་སྡེར་ཐེངས་མང་ཕེབས་ཏེ། གྲོང་མི་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཕྱིར་དྲན་བགྱིས་ནས། “མི་རིགས་མཐུན་སྒྲིལ་དང་། སྐྱེ་ཁམས་སྲུང་སྐྱོང་། གསར་བརྗེའི་སྙིང་སྟོབས་རྒྱུད་འཛིན། གྲོང་གསེབ་དར་རྒྱས”བཅས་ཀྱི་བབ་བསྟུན་ཇུས་སྐྱོང་གི་འཕེལ་རྒྱས་སྤུས་རྟགས་བཏོད་ཡོད།

དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། ཝང་ཅན་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་སེམས་ཟབ་མོ་ཁུར་ནས། སླར་ཡང་འབྲི་ཆུའི་འགོ་ཁུངས་གྲོང་སྡེ་ལ་ཕེབས། ཡངས་ཤིང་ཁོད་སྙོམས་པའི་གཞུང་ལམ་དང་། གྲལ་བསྟར་སྒྲིག་པའི་ཉི་ནུས་ལམ་སྒྲོན། གཙང་ཞིང་གྲལ་དག་པའི་གྲོང་མིའི་བྱེད་སྒོའི་ཐང་ཆེན། མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་སྟར་ཕྲེང་བསྒྲིགས་པའི་ཡུལ་མིའི་སྡོད་ཁང་། ད་དུང་གང་སར་མཐོང་རྒྱུ་ཡོད་པ་ནི་“གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་བཀའ་ལ་ཉན། ཏང་གི་རྗེས་སུ་འབྲང་”ཞེས་པའི་དྲིན་ཚོར་སྦྱར་ཡིག་དེ་དག་རེད། ཁྱིམ་ཚང་རེ་རེའི་སྒོ་སྟེང་དུ་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་དེས། མི་རྣམས་ལ་འབྲི་ཆུའི་འགོ་ཁུངས་གྲོང་སྡེར་ཉིན་རེ་བཞིན་རྣམ་པ་གསར་པ་འབྱུང་བཞིན་པའི་བདེ་སྐྱིད་འཚོ་བ་མངོན་པར་བྱས་ཡོད་པ་མ་ཟད། འབྲི་ཆུའི་འགོ་ཁུངས་གྲོང་སྡེའི་གྲོང་མི་ཡོངས་ཀྱིས་གུང་ཁྲན་ཏང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྷག་བསམ་ཟོལ་མེད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་བབ་ཆགས་ཀྱི་བརྩེ་སེམས་ཀྱང་མཚོན་པར་བྱས་ཡོད།

ཝང་ཅན་ཅུན་གྱིས་འབྲི་ཆུའི་འགོ་ཁུངས་གྲོང་སྡེ་དེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གྲོང་ཚོ་དང་། རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་གྲོང་ཚོ། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཤེས་དཔལ་གྲོང་ཚོ་བཅས་ལེགས་པོར་བསྐྲུན་ཟིན་པ་དང་། ཞིང་ཆེན་རིམ་པའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ས་ཚིགས་སུ་བདམས་ཤིང་། “གཞི་རྩ་གསུམ”འཛུགས་སྐྲུན་གྱི་སྔོན་ཐོན་ཐུན་མོང་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རྒྱུས་ལོན་བྱས་རྗེས། ཁོང་གིས་དགའ་སྤྲོ་ཆེན་པོས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཁྱེད་ཚོར་ཐུགས་ཁྲལ་གནང་བ་དང་། ཚང་མའི་ཐོན་སྐྱེད་དང་། འཚོ་བ། ལས་དོན། སློབ་སྦྱོང་བཅས་ལ་ཐུགས་ཁུར་གནང་བཞིན་ཡོད། ང་ད་ཐེངས་ཡོང་དོན་ནི་གྲོང་མི་ཡོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་སེམས་ཟབ་མོའི་འཚམས་འདྲི་བརྒྱུད་ཞུ་བྱ་རྒྱུ་དེ་ཡིན། ད་ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་གཞིར་བཟུང་ནས། ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། མཐུན་སྒྲིལ་དམ་ཟབ། ཐུན་མོང་འབད་འཐབ་བཅས་བྱས་ཏེ། འབྲི་ཆུའི་འགོ་ཁུངས་གྲོང་སྡེ་སྔར་ལས་ལྷག་པའི་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་དགོས་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།