ཟི་ལིང་གྲོང་ཁྱེར་ཁྲོམ་གཞུང་ལྷོ་མའི་ལམ་ངོས་རྡིབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1ཚེས13ཉིན་གྱི་ཆུ་ཚོད17དང་སྐར་མ36ཙམ་ལ་ཟི་ལིང་གྲོང་ཁྱེར་ཁྲོམ་གཞུང་ལྷོ་མའི་ཁྲང་ཁྲིན་སྨན་ཁང་གི་སྒོ་མདུན་གྱི་ལམ་ངོས་བརྡིབས་ནས་ལྷོ་བྱང་ཕྱོགས་སུ་སྐྱོད་བཞིན་པའི་ལམ་ཐིག17པའི་སྤྱི་སྤྱོད་རླངས་འཁོར་ཞིག(མཚོ་སྔོན་A60015)དེའི་ནང་ལྷུངས་ཡོད་པ་རེད། དོན་རྐྱེན་བྱུང་རྗེས་ཟི་ལིང་གྲོང་ཁྱེར་གྱིས་འཕྲལ་དུ་རོགས་སྐྱོབ་བྱ་བ་སྒྲུབ་པ་དང་འབྲེལ་སོལ་རླངས་དང་། ཆུ་གློག་སོགས་མཁོ་འདོན་བྱེད་པའི་སྡེ་ཚན་ལ་དུས་ཐོག་ཏུ་བརྡ་ཐོ་བཏང་ནས་སོལ་རླངས་དང་ཆུ་གློག་གཏོང་མཚམས་བཞག་ནས་དུས་ཐོག་ཏུ་ཉེ་འགྲམ་གྱི་ཐོག་བརྩེགས་ནང་གི་མི་སྣ་ཕྱིར་འཐེན་བྱས་ཏེ་རོགས་སྐྱོབ་བདེ་བླག་ཡོང་བར་འགན་ལེན་དང་ཞོར་ཐོན་ལས་འཛོལ་འབྱུང་བར་སྔོན་འགོག་བྱས་པ་རེད།

དོན་རྐྱེན་ཐོན་རྗེས་ཟི་ལིང་གྲོང་ཁྱེར་གྱིས་འཕྲལ་དུ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་གི་འགན་འཁུར་བའི་དུས་ཐོག་གི་འཕྲལ་སྡོམ་རོགས་སྐྱོབ་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འབྲེལ། སྨན་བཅོས་རོགས་སྐྱོབ་དང་། ཡུལ་དངོས་རོགས་སྐྱོབ། དོན་རྐྱེན་བརྟག་དཔྱད་སོགས་ལས་དོན་ཚོགས་ཆུང་བརྒྱད་བཙུགས་ནས་རོགས་སྐྱོབ་བྱས་པ་དང་དུས་མཚུངས་སུ་མཚན་རྒྱབ་ཏེ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་འཚོགས་ནས་གསར་འགྱུར་སྨྱན་སྦྱོར་ལ་དུས་ཐོག་གི་རོགས་སྐྱོབ་འཕེལ་རིམ་དང་རྨས་མའི་སྨན་བཅོས་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།

ཚེས14ཉིན་གྱི་ཆུ་ཚོད0དང་སྐར་མ30ཡི་བར་རྨས་མ15(དེའི་ནང་རྨས་མ་གཉིས་ཁྱིམ་དུ་ལོག་རྗེས་གཟུགས་པོ་མི་བདེ་བའི་ཚོར་སྣང་བྱུང་ནས་ནང་མི་དང་མཉམ་དུ་སྨན་ཁང་དུ་བརྟག་དཔྱད་བྱེད་པར་ཡོང་ཡོད།)མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད་པ་དང་། སྨན་ཁང་དུ་བསྡད་པའི་རྨས་མ་དང་སྨན་ཁང་དུ་བསྡད་དེ་བརྟག་དཔྱད་བྱེད་བཞིན་པའི་རྨས་མའི་གནས་ཚུལ་བརྟན་འཇགས་ཡིན་པ་རེད། ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད་མི10ལ་འབྲེལ་ཐག་ཆད་ཡོད་པ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཧྲིན་ཀྲང་ལིག་ཉིང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ། གྲོང་ཁྱེར་གྱི་ཧྲི་ཀྲང་ཀྲང་ཞའོ་རུང་བཅས་འཕྲལ་མར་ཡུལ་དངོས་སུ་ཕེབས་ནས་ཉེན་སེལ་རོགས་སྐྱོབ་དང་ལས་འཛོལ་བརྟག་དཔྱད་ཐག་གཅོད་ལས་དོན་ལ་བཀོད་འདོམས་དང་བཀོད་སྒྲིག་གནང་བ་དང་འབྲེལ་རྒྱ་གྲམ་དམར་པོའི་སྨན་ཁང་དུ་རྨས་མ་ཚོར་གཟིགས་ཞིབ་གནང་བ་རེད། དོན་རྐྱེན་བྱུང་རྗེས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་བཅས་ཡུལ་དངོས་སུ་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

མིག་སྔར་འཚོལ་སྐྱོབ་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་པ་དང་དོན་རྐྱེན་གྱི་རྒྱུ་རྐྱེན་ལ་ཡང་སྔར་བཞིན་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།