རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་སྐབས་སྲིད་གྲོས་ཨུ་ཡོན་ལ་སྲིད་ཞུགས་སྲིད་མོལ་གྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་གང་ཐུབ་བྱ་དགོས་པར་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས12ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་རྣམ་གཉིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཚོགས་ར་དང་ཨུ་ཡོན་སྡོད་ཡུལ་དུ་ཕེབས་ནས་ཚོགས་འདུའི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བ་རེད། 

མཚོ་སྔོན་ཚོགས་འདུ་ལྟེ་གནས་སུ་རྡོ་རྗེ་རབ་བརྟན་དང་བཅས་པས་ཚོགས་རའི་བཀོད་སྒྲིག་དང་། གློག་སྒྲོན། སྒྲ་སྒམ། རྒྱང་ཁྲིད་བརྙན་ལམ་སྒྲིག་ཆས་སོགས་ཚོགས་དོན་གྲ་སྒྲིག་བྱས་ཚུལ་ལ་ཞིབ་བཤེར་ཞིབ་ཚགས་བྱས་པ་དང་། ཨུ་ཡོན་སྡོད་ཡུལ་དུ་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ཚོགས་ར་བཀོད་སྒྲིག་དང་། ཨུ་ཡོན་གྱི་ཟ་སྡོད་བཀོད་སྒྲིག  ཁོར་ཡུག་འཕྲོད་བསྟེན། བདེ་འཇགས་སྲུང་སྐྱོབ། འགྲིམ་འགྲུལ་ཕྱིར་སྐྱོད་སོགས་ལས་དོན་གྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་བ་རེད། 

རྡོ་རྗེ་རབ་བརྟན་གྱིས་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བ་དང་ལས་དོན་མི་སྣས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང“ལོ་ལྔའི་ཚན་པ་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོའི་དུས་སྐབས་གལ་ཆེན་ནང་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཆབ་སྲིད་ལ་མཐོང་ཆེན་བྱ་རྒྱུ་དང་ཚད་མཐོ་བའི་ངང་ནས་ཚོགས་ཆེན་ལ་ཞབས་འདེགས་ཞུ་བའི་ལས་འགན་སྒྲུབ་པའི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། དགོས་གཏུག་གི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། གཅིག་གྱུར་མཐུན་སྦྱོར་མཐའ་འཁྱོངས་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་བྱེད་པ། སྒྲིག་ཁྲིམས་སྤྱོད་ཚུལ་ལ་གཟབ་ནན་དང་དོན་དངོས་ལྟར་སྒྲུབ་པ། ཞབས་ཞུའི་ཐད་ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་འདོན་པ་བཅས་བྱེད་དགོས་པར་བསྟན་པ་མ་ཟད། སྡེ་ཚན་ཁག་དང་ལས་ཁུངས་ཁག་གིས“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བཙུགས་ཏེ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ལམ་སྲོལ་འཛུགས་པ། སྔོན་ཇུས་ཞིབ་ཚགས་སུ་གཏོང་བ། འགན་འཁྲི་ནན་དུ་གཏོང་བ། དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་དོན་ཁག་བར་སྲུབས་མེད་སྦྲེལ་མཐུད་ཐུབ་པའི་འགན་ལེན་བྱས་ཏེ། སྐྱོན་ཆ་མེད་པ་དང་ནོར་འཁྲུལ་སྤུ་ཙམ་ཡང་མེད་པ་བྱེད་དགོས་པ་དང་། ལས་དོན་མི་སྣས་ནུས་ཤུགས་ཡོད་རྒུས་ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ལས་ཆོད་ཆེ་བ་བཅས་ཀྱི་སྒོ་ནས་ཚོགས་འདུའི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་བདེ་འཇགས་སྤུས་ལེགས་ཀྱི་ཞབས་འདེགས་ཞུས་ནས་ཨུ་ཡོན་ཚོར་སྲིད་ཞུགས་སྲིད་གླེང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཏེ་ཚོགས་ཆེན་བདེ་ལེགས་ཀྱིས་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་དགོས་པར་བསྟན། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།