མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཟླ་དང་པོའི་ཚེས་བཅུ་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས2019ལོའི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་བྱ་བར་སྤྱི་སྡོམ་བྱས་པ་དང་། ད་ལོའི་བྱ་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་བྱ་བའི་རེ་བ་བཏོན། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ལིག་ཉིང་གིས་བསྟན་དོན། 2019ལོར་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ལས་ཁུངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། འབད་འཐབ་ལྷོད་མེད་དང་མཁྲེགས་གཏོར་བྱེད་ཕོད་པར་བྱས་ལ། མཐོ་སྒང་གི་མཛེས་པའི་གྲོང་གསེབ་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། དངུལ་གཏོང་གཏན་འཇགས་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོར་འདེགས་གཏོང་བ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། དམངས་ཚིས་ལ་ཕན་འདོགས་པ་སོགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུ་བའི་ལོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། མཐོ་སྒང་གི་མཛེས་པའི་གྲོང་གསེབ་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། རྣམ་པ་གསར་བའི་གྲོང་གསེབ་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། རྒྱུན་མཐུད་ངང་ས་ཁང་བདག་ཁོངས་ཚོང་ར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ། དམངས་ཚིས་བཟོ་སྐྲུན་ལག་བསྟར་ནན་མོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཁོང་ཡུང་གིས་གཏམ་བཤད་སྐབས་ན་ནིང་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ད་ལོའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་རེ་བ་བཏོན། ཁོས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་སྡེ་ཁག་གིས་གནས་བབ་ལས་འགན་ཁོང་དུ་ཆུད་པར་བྱེད་པ་དང་། སྡོད་ཁང་མཁར་གྲོང་འཛུགས་སྐྲུན་བཟང་བོ་བྱེད་པའི་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།