ལིས་ཅེ་ཞང་གིས་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་དང་འཕྲལ་བསྟུན་དོ་དམ་བྱ་བར་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་ཟི་ལིང་གྲོང་ཁྱེར་གྱི་བདེ་འཇགས་ཐོན་སྐྱེད་དང་འཕྲལ་བསྟུན་དོ་དམ་བྱ་བར་ཞིབ་བཤེར་བྱས། ཞིབ་བཤེར་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ལམ་ལུགས་ཇེ་དྲག་ཏུ་གཏོང་བ། རིགས་མི་འདྲ་བའི་ཉེན་ཁ་ཚོད་འགོག་དང་ཐག་གཅོད་པ། འཕྲལ་བསྟུན་དོ་དམ་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ལིས་ཅེ་ཞང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་དུ་སོང་ནས། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་བཀོད་གཏོང་བཀོད་འདོམས་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་མ་ལག་ལ་ཞིབ་བཤེར་བྱས་པ་དང་། བརྙན་རིས་བརྒྱུད་དེ་ལས་རེས་གནས་ཚུལ་ལ་བལྟས། དེའི་རྗེས་ལིས་ཅེ་ཞང་སྔ་གཞུག་ཏུ་ཟི་ལིང་ཝན་ཏཱ་ཚོང་ལས་ཐང་ཆེན་དང་ཟི་ལིང་སྣོ་ལྕགས་ཚད་ཡོད་ཀུང་ཟི་སོགས་སུ་སོང་ནས། མེ་གསོད་དང་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་ཞིབ་བཤེར་བྱས། ཁོས་བསྟན་དོན། ཚེ་སྲོག་གཙོར་འཛིན་པ་དང་བདེ་འཇགས་གོ་གནས་དང་པོར་འཇོག་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་པ།  དོ་དམ་དང་ལག་བསྟར་ལ་དམ་འཛིན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་དྲ་རྒྱ་འཛུགས་དགོས། ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་དང་བཟོ་གཏེར་ཁེ་ལས། གཞུང་ལམ་འགྲིམ་འགྲུལ། བཟོ་སྐྲུན་འཛུགས་སྐྲུན། མི་ཚོགས་འདུ་ས་སོགས་གནད་འགག་ཁྱབ་ཁོངས་ལ་དམ་དུ་དམིགས་ཏེ། ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་དང་གཅིག་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ནས། ཉེན་ཁར་ཚོད་འགོག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།