​མཚོ་སྔོན་ཞིང་ཆེན་གྱིས2020ལོའི་རྒྱལ་སྤྱིའི་ཐད་གཏོང་མཁའ་ལམ་ཐོག་མ་ཤར་གཏོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནུབ་རྒྱུད་གནམ་ཐང་ཚོགས་པ་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སི་ནས་གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། ཐེ་ལན་ཡུའེ་ཅེ་མཁའ་འགྲུལ་ཀུང་སིས་ལག་བསྟར་བྱས་པའི་ཟི་ལིང་ནས་ཕུའུ་ཅི་དབར་གྱི་རྒྱལ་སྤྱིའི་ཐད་གཏོང་མཁའ་ལམ་དངོས་སུ་ཤར་གཏོང་བྱས་པ་རེད།

མཁའ་ལམ་དེར་གཟའ་འཁོར་རེའི་གཟའ་ལྷག་པའི་ཉིན་འཕུར་རྒྱུ་དང་། ཟི་ལིང་གནམ་ཐང་དུ་འབབ་པའི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད06∶20དང་གནམ་གྲུའི་ཨང་གྲངས་ནིVZ3610དང་། ཟི་ལིང་ནས་འཕུར་བའི་དུས་ཚོད་ནི་ཆུ་ཚོད07∶30དང་གནམ་གྲུའི་ཨང་གྲངས་ནིVZ3611ཡིན། འཕུར་ཡུན་ཆུ་ཚོད5ལྷག་ཙམ་ཡིན་པ་རེད།

ཕུའུ་ཅི་གླིང་ཕྲན་ནི་ཧིན་རྡུ་རྒྱ་མཚོ་ཆེན་པོའི་ཨན་ཏཱ་མན་རྒྱ་མཚོའི་ཤར་ལྷོའི་རྒྱུད་དུ་ཡོད་ཅིང་ཐེ་ལན་གྱི་རྒྱལ་ས་པང་ཁོག་དང་བར་ཐག་སྤྱི་ལེ867ཡོད། དེ་ནི་ཐེ་ལན་གྱི་གླིང་ཕྲན་ཆེ་ཤོས་དེ་ཡིན་ཞིང་། གླིང་ཕྲན་དེའི་མཛེས་ལྗོངས་དང་གནའ་བོའི་བཟོ་བཀོད་ལ་བརྟེན་ནས་འཛམ་གླིང་ལ་སྐད་གྲགས་ཆོད་ཡོད། འཐུས་སྒོ་ཚང་བའི་ཡུལ་སྐོར་ཞབས་ཞུ་ཡོད་སྟབས་རྒྱལ་ཁབ་ཁག་གི་ཡུལ་སྐོར་བ་མང་པོའི་དགའ་བསུ་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཡུལ་སྐོར་བ་མང་པོས་དགའ་པོ་བྱེད་པའི་ཡུལ་སྐོར་དམིགས་ས་ཤིག་ཡིན་པ་རེད།

ཉེ་བའི་ལོ་ཤས་རིང་། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། དམངས་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ། ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ཟི་ལིང་གནམ་ཐང་གིས་ཐའེ་པེ་དང་། པང་ཁོག  ཧྲོའར། ཐོ་ཁེའོ། ཤང་ཀང་། ཅི་ལུང་ཕོ། ཤན་ལི། ཡཱ་ཀྲོང་སོགས་རྒྱལ་སྤྱི་དང་དེ་བཞིན་ས་ཁུལ་གྱི་མཁའ་ལམ12སྔ་རྗེས་སུ་ཤར་གཏོང་བྱས་ནས། ས་གནས་དེ་གའི་མང་ཚོགས་ཀྱི་ཕྱིར་སྐྱོད་དགོས་མཁོ་བསྐངས་པ་རེད།

མཚོ་སྔོན་གནམ་ཐང་ཀུང་སི་ཁྲོམ་ར་པུའི་མི་སྣ་ཞིག་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིར་ཟི་ལིང་ནས་ཕུའུ་ཅི་དབར་གྱི་མཁའ་ལམ་ཤར་གཏོང་བྱས་པ་ལས། དམངས་ཚོགས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་རྒྱུར་གདམ་ག་གསར་པ་བྱུང་བ་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་དང་ཕྱི་ཕྱོགས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཡང་འགྲིམ་འགྲུལ་གྱི་རྒྱབ་སྐྱོར་གསར་པ་མཁོ་འདོན་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།