མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་དགུན་དུས་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས10ཉིན། “ལྗང་མདོག འཆམ་མཐུན། མཉམ་འདྲེས། གསར་གཏོད།”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ཞིང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གཞོགས་འདེགས་དང་། རིག་གནས་ཡུལ་སྐོར་བྱེད་སྒོས་སྤྱི་ཚོགས་སྤྱི་དམངས་ཀྱི་སྐྱེ་ཁམས་ཤེས་དཔལ་འདུ་ཤེས་ཇེ་ཟབ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་དགུན་དུས་རིག་གནས་ཡུལ་སྐོར་དུས་ཆེན་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧེ་རིགས་རང་སྐྱོང་རྫོང་ཧའོ་མོན་གྲོང་རྡལ་ཞའོ་ཧྲ་ཀོའུ་གྲོང་ཚོར་འགོ་ཚུགས། 

ཉེ་བའི་ལོ་འགར། མིན་ཡོན་རྫོང་གིས་ཞིང་ཆེན་ཏང་ཨུའི་“ལེགས་གཅིག་མཐོ་གཉིས་”ཀྱི་འཐབ་ཇུས་བཀོད་སྒྲིག་དང་མཚོ་བྱང་ཁུལ་ཨུའི“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་བསམ་ཕྱོགས་ལྟར། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་། མཚོ་བྱང་ཁུལ་གྱི་རྒྱལ་ཁབ་རིམ་པའི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཁུལ། མིན་ཡོན་རྫོང་གི་ཞིང་ཆེན་རིམ་པའི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་རྫོང་འཛུགས་པ་སོགས་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་ཧུར་ཐག་བྱས་ནས། ཚད་གཞི་མཐོ་བའི་འཆར་འགོད་མཐའ་འཁྱོངས་དང་། བྱེད་ཐབས་སྣ་མང་གིས་སྐུལ་འདེད། ཕྱོགས་ཡོངས་ནས་འོས་སྦྱོར་བཅས་བྱས་པས་མིན་ཡོན་རིག་གནས་ཡུལ་སྐོར་བྱ་གཞག་ལ་ཡར་རྒྱས་ཆེན་པོ་བྱུང་ཞིང་། ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན། རྫོང་ཡོངས་ཀྱི་ཡུལ་སྐོར་སྣེ་ལེན་མི་གྲངས་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་མགྱོགས་མྱུར་ངང་འཕར་བའི་རྣམ་པ་བཟང་པོ་མངོན་པས། རིག་གནས་ཡུལ་སྐོར་ཐོན་ལས་དེ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། 

སྐབས་འདིའི་ཡུལ་སྐོར་དུས་ཆེན་ནི་མིན་ཡོན་རྫོང་གིས་དུས་ཚིགས་ཧྲིལ་པོར་ཡུལ་སྐོར་བཀོད་སྒྲིག་བྱེད་པའི་བྱ་སྤྱོད་དངོས་ཤིག་ཡིན་ཞིང་། ཡུལ་སྐོར་ཐོན་རྫས་ཀྱི་མ་ལག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་གཏོང་བའི་ཚོད་ལྟའི་བྱེད་སྒོ་ཞིག་ཀྱང་ཡིན། ལོ་སར་དུས་ཆེན་གྱི་རིག་གནས་བྱེད་སྒོ་དང་གློག་སྒྲོན་འགྲེམས་སྟོན་སོགས་དང་ཟུང་འབྲེལ་བྱས་ནས་ནང་དོན་གསར་ཞིང་ཕུན་སུམ་ཚོགས་པ། རིག་གནས་ཀྱི་ནང་དོན་ཟབ་པ། ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་རིག་གནས་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་ཡོད། 

དེའི་རིང་མིན་ཡོན་རྫོང་གིས་ད་དུང་མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུའི་གྲོས་འགོ་བཏོན་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།