མཚོ་སྔོན་གྱི“རྟ་མགྲིན”དང“ཧུའུ་ཙི་གུ”“མཚོ་སྔོན་བདེ་མཚོ།”སོགས་དྲ་གྲགས་དག་ལ་སློབ་གསོ་དང་ཐ་ཚིག་བསྒྲགས་འདུག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐུན་མོང་ཐོག་དག་གཙང་གི་དྲ་རྒྱའི་ཁོར་ཡུག་འཛུགས་སྐྲུན་དང་ལྟ་རྟོག་དོ་དམ་གྱི་ལས་འགན་ནན་གྱིས་སྒྲུབ་ཆེད། ཟླ1པོའི་ཚེས8ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་སྤྱི་བདེ་ཅུའུ་ཡིས་ཁུལ་དྲིལ་སྒྲོག་པུའུ་དང་རྫོང་དྲིལ་སྒྲོག་པུའུ། རྫོང་རིག་གནས་ཁྲིམས་བསྟར་རུ་ཆེན་སོགས་ལ་མཉམ་འབྲེལ་བྱས་ཏེ། ཁུལ་ཡོངས་ཀྱི་མགྱོགས་འཕྲིནappཁྲོད་དུ་ཤུགས་རྐྱེན་ཅུང་ཆེ་བའི་མདོ་མེད་ལུང་གཏམ་བཤད་མཁན་དང་། ཆགས་སྦྱོར་འཆལ་གཏམ་སྒྲོག་མཁན་གྱི་ཐད་གཏོང་དྲ་གྲགས་དག་ལ་སློབ་གསོའི་ཐ་ཚིག་བསྒྲགས་འདུག 

  འབྲེལ་ཡོད་སྡེ་ཁག་གི་འགན་ལེན་པས“རྟ་མགྲིན”དང“ཧུའུ་ཙི་གུ”“མཚོ་སྔོན་བདེ་མཚོ།”སོགས་དགའ་མོས་ཐོབ་མཁན་མང་བའི་ཐད་གཏོང་དྲ་གྲགས་དག་གིས་སྒྲིག་འགལ་ངང་པར་བརྙན་རྫུན་བཟོ་དང་ཁྱབ་སྤེལ་བྱེད་པ། དོན་མེད་ཉོག་གཏམ་དང་ཁྲེལ་བྲལ་འུར་སློང་གི་བརྙན་ཐུང་། བསམ་བློ་དང་དྲན་ཕྱོགས་མ་རུང་བ་ཁྲོམ་སྒྲོག་བྱེད་པའི་དོན་དངོས་ལ་དམིགས་ཏེ་དེ་དག་ལ་སློབ་གསོ་དང་ཐ་ཚིག་བསྒྲགས་པར་མ་ཟད། 《མཉམ་འབྲེལ་དྲ་རྒྱའི་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས 》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས། 》《མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱེད་ཐབས། 》《མཉམ་འབྲེལ་དྲ་རྒྱའི་ཐད་གཏོང་བའི་ཞབས་ཞུའི་དོ་དམ་གཏན་འབེབས 》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་དགོས་པའི་རེ་བ་བཏོན་ཞིང་། དྲ་རྒྱའི་ཞབས་འདེགས་ཞུ་བའི་གོ་རིམ་ཁྲོད་ཁྲིམས་ལུགས་བརྩི་སྲུང་དང་ཀུན་སྤྱོད་དང་བསྟུན་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་བདེན་དགེ་མཛེས་གསུམ་གྱི་དྲ་རྒྱའི་རིག་གནས་སྤེལ་དགོས་པའི་རེ་བ་བཏོན། 

རྫོང་དཔོན་གཞོན་པ་དང་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་སི་ཁྲིན་ཁོའེ་ཡིས་ཐད་གཏོང་བྱེད་མཁན་རྣམས་ཀྱིས་རྗེས་ཕྱོགས་ཐད་གཏོང་བྱེད་དུས་ངེས་པར་དུ་ཁྲིམས་ལུགས་བརྩི་བསྲུང་དང་། རྒྱལ་ཁབ་དང་སྤྱི་བའི་ཁེ་ཕན་སྲུང་སྐྱོབ་བྱས་ནས། ཡང་དག་པའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་སྟེ་རྒྱ་ཆེ་བའི་དྲ་དམངས་ཡོངས་ལ་དག་གཙང་དྲི་མེད་ཀྱི་དྲ་རྒྱའི་ཁོར་ཡུག་ཅིག་བསྐྲུན་དགོས་པ་དང་། གལ་ཏེ་ཐད་གཏོང་གི་སྐབས་སུ་ཁྲིམས་འགལ་གྱི་གནས་ཚུལ་བྱུང་ཚེ་ཁྲིམས་ལྟར་ལག་བསྟར་བྱེད་རྒྱུ་ཡིན་པར་མ་ཟད། གནས་ཚུལ་ཚབས་ཆེན་ཡིན་ན་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས་པ་རེད། སྤྱི་བདེ་ཅུའུ་ཡིས་ཐེངས་འདིའི་སློབ་གསོ་གཏོང་ཡུལ་གྱི་དྲ་གྲགས་དག་ལ་ཡིག་ཚགས་བཟོས་པར་མ་ཟད་མཉམ་འབྲེལ་དྲ་རྒྱའི་ཐད་གཏོང་ཞབས་ཞུའི་འགན་འཁྲི་ཡི་གེར་མིང་རྟགས་བཀོད་དུ་བཅུག་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།