མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁུལ་གྱི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་དོན་ཚན33ལས་དོན་ཚན14ལེགས་གྲུབ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁུལ་གྱི་སྒྲིག་སྲོལ་ཚོད་ལྟ་བྱས་པ་ནས་བཟུང་།《མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དང་། 《མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་མཚོ་སྔོན་ས་ཁུལ་གྱི་ལག་བསྟར་ཇུས་གཞིའི》ལས་འགན་དམིགས་ཚད་ལ་ཞིབ་བསྡུར་ནན་པོ་བྱས་ནས་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཁག33ལ་ཕན་ནུས་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། མིག་སྔའི་བར་ཚོད་ལྟའི་ལས་འགན་ཁག14ལེགས་གྲུབ་བྱུང་བ་དང་ལས་འགན་གཞན་དག་ཁག19ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

ཟླ1པོའི་ཚེས10ཉིན་གསར་འགོད་པས2020ལོའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡི་ཚོད་ལྟའི་ལས་དོན་གནས་ཚུལ་བརྡ་ཁྱབ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་བ་ནས་བཟུང་། སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་བ་དང་། དོ་དམ་སྲུང་སྐྱོང་ནུས་པ་མངོན་གསལ་དོད་པོས་ཇེ་མཐོར་སོང་ཞིང་། སྲུང་སྐྱོང་དོ་དམ་མ་ལག་ཐོག་མར་བཙུགས་ལ། སྣོད་བཅུད་སྲུང་སྐྱོང་ནུས་པ་མངོན་གསལ་གྱིས་ཆེ་རུ་སོང་བས། མཚོ་སྔོན་ས་ཁུལ་གྱི་སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད8སྒྲིག་བཟོའི་ལས་དོན་སྤེལ་འགོ་བརྩམས་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་མ་ལག་བཅས་བཙུགས་པ་རེད། སྣོད་བཅུད་ཤེས་དཔལ་གྱི་ལས་ཀའི་གདེང་འཇོག་དཔྱད་ཞིབ་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་སྐོར་སྲུང་བརྡ་ཁྱབ་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། ཚད་ལྡན་ཅན་གྱི་དོ་དམ་སྲུང་སྐྱོང་ས་ཚིགས40གཅིག་རྗེས་གཉིས་མཐུད་ངང་སྤྱོད་འགོ་བཙུགས་པ་བཅས་ནི་སྐོར་སྲུང་དོ་དམ་དང་། ཚན་རིག་ལྟ་ཞིབ་ཚད་ལེན། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་དོ་དམ་སྲུང་སྐྱོང་ལས་སྟེགས་ཤིག་ཏུ་གྱུར་ཡོད་པ་རེད།

དེར་བརྟེན་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པས་ཚོད་ལྟ་ཁག་དུས་ཐོག་ཏུ་ལེགས་འགྲུབ་ཐུབ་པ་དང་དེ་མཚུངས་ཀྱི་གྲུབ་འབྲས་ཐོབ་པར་འགན་ལེན་བྱ་ཆེད། ནན་ཏན་གྱིས་སྣོད་བཅུད་ཤེས་དཔལ་གྱི་ལས་ཀའི་གདེང་འཇོག་དཔྱད་ཞིབ་ལམ་ལུགས་དོན་འཁྱོལ་དང་། སྣོད་བཅུད་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་འབྱུང་བར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ཕྱོགས་བསྡུས་དཔྱད་དཔོག་མ་ལག་མགྱོགས་མྱུར་ངང་བསྐྲུན་པ་དང་། སྡེ་ཁུལ་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ“གྲོང་ཚོའི་ཨུ་ལྷན་གཉིས་+”ལས་ཀའི་འཁོར་སྐྱོད་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། ཚོད་ལྟའི་འདེགས་སྐྱོར་དང་འགན་ལེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། སྣ་མང་ཅན་གྱི་མ་འཇོག་ཐབས་ལམ་མགྱོགས་མྱུར་གྱིས་འཛུགས་དགོས་ལ། སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ནན་ཏན་གྱིས་གཙོ་གནད་རྣམ་གྲངས་ཇུས་འགོད་དང་ལག་བསྟར་བཅས་བྱས་ནས་རྣམ་གྲངས་མ་དངུལ་གྱི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་གི་འཇུག་སྒོ་སྡེ་ཁུལ་དང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་འཆར་འགོད་ལུགས་མཐུན་བྱེད་པ་དང་། རང་བྱུང་སློབ་གསོའི་མ་ལག་གང་མགྱོགས་ཀྱིས་བཙུགས་ཏེ། རྒྱལ་ཁབ་སྤྱི་གླིང་དེ་དམངས་ཡོངས་ཀྱི་མཉམ་སྤྱོད་མངོན་འགྱུར་ཡོང་བར་འགན་སྲུང་ནུས་ལྡན་བྱ་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།