ལིག་ཉིང་གིས་ལུགས་རྙིང་ལོ་སར་སྔོན་གྱི་ཚོང་རའི་མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་གནས་ཚུལ་ཐད་ནས་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཁ་བར་མི་འཛེམ་པར་ཚོང་ར་དང་སྣ་འཛོམས་ཚོང་ཁང་དུ་སོང་ནས་ལུགས་རྙིང་ལོ་སར་སྔོན་གྱི་ཚོང་རའི་མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་གནས་ཚུལ་ལ་རྒྱུས་ལོན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཡིས་མཉམ་དུ་རྟོག་ཞིབ་བྱས།

ལིག་ཉིང་སྔ་གཞུག་ཏུ་ཏཱ་པའེ་སྣ་ཚོང་ཚོང་ཁང་ཞིན་ཉིང་ཐང་ཆེན་ཚོང་ཁང་དང་ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་ཕྱོགས་བསྡུས་ཚོང་ར། མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་ཁེར་བསྡུས་ཉོ་འཚོང་ལྟེ་གནས་བཅས་སུ་སོང་ནས། ཤ་དང་སྒོ་ང། འབྲུ་སྣུམ། སྔོ་ཚལ་གྱི་ཚོང་རའི་མཁོ་འདོན་དང་རིན་གོང་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཚོང་རྒྱག་བཞིན་པའི་སྡོད་དམངས་དང་གླེང་མོལ་བྱས་པ་མ་ཟད། ཟི་ལིང་གྲོང་ཁྱེར་གྱི་སྲིད་གཞུང་གིས་གོང་བདེ་ཕག་ཤ་དང་སྔོ་ཚལ་ཉོ་འཚོང་བྱེད་ས་བཙུགས་པར་ཁས་ལེན་གང་ལེགས་བྱས། ལིག་ཉིང་གིས་ལས་བྱེད་མི་སྣས་ཚོང་རའི་ཚོང་རྫས་མཁོ་འདོན་ལ་འགན་སྲུང་དང་རིན་གོང་གཏན་འཇགས་ཡོང་བར་བྱེད་དགོས་པ་མ་ཟད་མེ་གསོད་བདེ་འཇགས་དོ་དམ་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། མེ་གསོད་བགྲོད་ལམ་མི་འགོག་པ་དང་མེ་གསོད་སྒྲིག་བཀོལ་ཤེས་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།