མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་དྲུག《ཡིད་དབང་འགུག་པའི་ཀྲུང་གོའི་མཁར》ཞེས་པའི་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འགུག་པའི་མིང་ཐོ་ནང་ཚུད་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། 2019ལོའི《ཡིད་དབང་འགུག་པའི་ཀྲུང་གོའི་མཁར》ཞེས་པའི་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འགུག་པའི་མིང་ཐོ་ཁྱབ་སྒྲོག་ཚོགས་འདུའམ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་གླེང་སྟེགས་པེ་ཅིན་དུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་དྲུག་སོ་སོར་ལོ་འཁོར་འདིའི་ཡིད་དབང་འགུག་པའི་སྐྱེ་ཁམས་ལྗོངས་ཁུལ་དང་།ལོ་འཁོར་མོའི་ཡིད་དབང་འགུག་པའི་རིག་གནས་ལྗོངས་ཁུལ་སོགས་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།

《ཡིད་དབང་འགུག་པའི་ཀྲུང་གོའི་མཁར》ཞེས་པའི་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འགུག་པའི་མིང་ཐོའི་ཁྲོད་དུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཁུ་ནུ་རི་བོའི་ལྗོངས་ཁུལ་ལ་ལོ་འཁོར་མོའི་ཡིད་དབང་འགུག་པའི་སྐྱེ་ཁམས་ལྗོངས་ཁུལ་གྱི་མཚན་སྙན་ཐོབ་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཀྲུང་གོའི་རྡུལ་ཕྲན་མཁར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐང་ག་སྒྱུ་རྩལ་གྲོང་རྡལ་ཆུང་བ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཀྱི་རིག་གནས(ཡུལ་ཤུལ)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་བཅས་ལ་ལོ་འཁོར་མོའི་ཡིད་དབང་འགུག་པའི་རིག་གནས་ལྗོངས་ཁུལ་གྱི་མཚན་སྙན་ཐོབ། མཚོ་ཤར་གྲོང་ཁྱེར་གྱི་ཚོན་མདངས་རྣམ་པར་བཀྲ་བའི་ཡུལ་སྲོལ་གྱི་མཚོ་ཤར་ལམ་ཐིག་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རི་ཆུའི་རྨ་ལྷོའི་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་བསྐོར་བའི་རྡོ་རྗེ་ཕ་ལམ་ལམ་ཐིག་བཅས་ལ་ལོ་འཁོར་མོའི་ཡིད་དབང་འགུག་པའི་བརྗོད་དོན་ལམ་ཐིག་གི་མཚན་སྙན་ཐོབ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མགོ་ལོག་ནོར་གནག་རྩིབ་ཤ་དང་།མཚོ་ཤར་གྲོང་ཁྱེར་གྱི་རྨ་ཙོང་སྟོན་མོར་ལོ་འཁོར་མོའི་ཡིད་དབང་འགུག་པའི་ཁྱད་ལྡན་ཞིམ་ཟས་ཀྱི་མཚན་སྙན་ཐོབ་པ་དང་། མགོ་ལོག་བོད་སྤོས་ལ་ལོ་འཁོར་མོའི་ཡིད་དབང་འགུག་པའི་ཡུལ་སྐོར་རིག་གནས་གསར་སྐྲུན་ཐོན་རྫས་ཀྱི་མཚན་སྙན་ཐོབ། ཚྭ་ཁ་ཚྭ་མཚོའི་ལྗོངས་ཁུལ་ལ་ལོ་འཁོར་མོའི་ཡིད་དབང་འགུག་པའི་མི་ཚོགས་ཡུལ་སྐོར་ལྗོངས་ཁུལ་གྱི་མཚན་སྙན་ཐོབ་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ལ་ལོ་འཁོར་མོའི་ཡིད་དབང་འགུག་པའི་རིག་གནས་ཡུལ་སྐོར་དབུལ་སྐྱོར་གྲོང་ཁྱེར་གྱི་མཚན་སྙན་ཐོབ། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐིང་ལ་ལོ་འཁོར་མོའི་ཡིད་དབང་འགུག་པའི་དམིགས་བསལ་བྱས་རྗེས་མཉམ་ལས་རོགས་ཟླའི་མཚན་སྙན་ཐོབ།

《ཡིད་དབང་འགུག་པའི་ཀྲུང་གོའི་མཁར》དུས་ཚིགས་གསུམ་པའི་ཚུན་དུ། ལེ་ཚན་འདིའི་གཞུང་ཕྱོགས་ཀྱི་པོད་ཕྲན་ལ་དགའ་མཁན་ཁྲི139ལ་བུད་པ་དང་། ལེ་ཚན་འདིའི་བརྗོད་གཞི་དང་འབྲེལ་བའི་པོན་ཕྲན་གྱི་ཀློག་ཚད་བསྡོམས་པས་ཐེངས་དུང་ཕྱུར18.2ལ་སླེབས། དེའི་ནང་གི་པོད་ཕྲན་གྱི་བརྗོད་གཞི་གཙོ་བོ་སྟེ་ཡིད་དབང་འགུག་པའི་ཀྲུང་གོའི་མཁར་གྱི་ཀློག་ཚད་དུང་ཕྱུར15.2ལ་སླེབས་ཡོད། དུས་ཚིགས་པའི་ལེ་ཚན་གྱིས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་མཉམ་དུ་ཀྲུང་དབྱང་བརྙན་འཕྲིན་ཁང+ཞིང་ཆེན་དྲིལ་སྒྲོག་པུའུ་གཉིས་ཀྱི་མཉམ་ལས་བྱེད་སྟངས་ཐོག་མར་འཚོལ་སྙེག་བྱས།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་བཤད་རྒྱུར། 《ཡིད་དབང་འགུག་པའི་ཀྲུང་གོའི་མཁར》ཞེས་པའི་དུས་ཚིགས་གསུམ་པའི་ལེ་ཚན་ནང་དུ། མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ་གྱི་ཞུགས་ཚད་ཆེས་རྒྱ་ཆེ་བ་དང་བརྙན་གཏོང་དུས་ཡུན་ཆེས་རིང་བ། སྤྱི་ཚོགས་ཀྱི་ཚུར་སྣང་ཆེས་ཆེ་བ་ཞིག་ཡིན་པས། རྒྱལ་ཁབ་ཀྱི་སྟེགས་བུ་གལ་ཆེན་གྱི་ཆས་རྟགས་ལེ་ཚན་ཁྲོད་ཐེངས་གཅིག་ལ་གྲོང་ཁྱེར་དང་ཁུལ་དྲུག་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་བཤམས་སྟོན་བྱས་ཤིང་། མཚོ་སྔོན་གྱིས་རིག་གནས་དང་ཡུལ་སྐོར་མགྱོགས་མྱུར་སྒོས་མཉམ་འདྲེས་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བའི་རིག་གནས་ཡུལ་སྐོར་གྱི་ཟློས་གར་ཞིག་འཁྲབ་སྟོན་བྱེད་བཞིན་པའི་སྒང་ཡིན།

ཐེངས་འདིར《ཡིད་དབང་འགུག་པའི་ཀྲུང་གོའི་མཁར》གྱི་སྟེགས་བུའི་སྟེང་དུ་ཐོན་པའི་གྲོང་ཁྱེར་དང་ཁུལ་ནི་མཚོ་ནུབ་དང་རྨ་ལྷོ། མཚོ་བྱང་། མགོ་ལོག ཡུལ་ཤུལ། མཚོ་ཤར་བཅས་ཡིན། ལེ་ཚན་གྱིས་གྲོང་ཁྱེར་དང་ཁུལ་སོ་སོའི་གནས་ཚུལ་དང་ཟས་མཆོག རིག་གནས། ཡུལ་སྐོར་ལམ་ཐིག  ཁྱད་ལྡན་ཐོན་རྫས། གྲོང་ཁྱེར་གྱི་རྣམ་པ་བཅས་མཚོ་སྔོན་གྱི“རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན། རབ་མཛེས་མཚོ་སྔོན་གྱི་བརྩེ་བ”ཞེས་པའི་ཆས་རྟགས་སྣང་བརྙན་ཁྱོན་ཡོངས་ནས་མངོན་ཏེ། ཁུ་ནུ་རིག་གནས་དང་རྨ་ཙོང་རིག་གནས་སོགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཐོན་ཁུངས་གང་ལེགས་ཀྱིས་སྔོག་འདོན་དང་བཤམས་སྟོན། བརྒྱུད་སྒྲོག་བཅས་བྱས་པས། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་ཡོང་བར་རོགས་འདེགས་བྱས་ཤིང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པའི་རྣམ་པ་མངོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།