མཚོ་ཤར་གྲོང་ཁྱེར་གྱིས“ཏང་དམངས་ཞབས་ཞུ་ལྟེ་གནས”ལ་བརྟེན་ནས“དྲོད་སྐྱིད”ལྡན་པའི་ཏང་འཛུགས་སྐྲུན་ལེགས་པར་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ།  མཚོ་ཤར་གྲོང་ཁྱེར་གྱི་ལོ་ཏུའུ་ཆུས་ཞིན་ལེ་ཤར་ལམ་ཆེན་མོའི་སྡེ་ཁུལ་དུ་སྡོད་པའི་སློབ་གྲོགས་ཆུང་ཆུང་བཅུ་ལྷག་ནམ་རྒྱུན་སློབ་གྲྭ་གྲོལ་བའི་རྗེས་སུ་ཐད་ཀར་ཡུལ་ལ་མི་ལོག་པར་ཐོག་དང་པོར་བསྒྲུབ་རྒྱུའི་ལས་ཀ་ཞིག་ཡོད་པ་ནི། ཞིན་ལེ་ཤར་ལམ་ཆེན་མོའི་སྡེ་ཁུལ་གྱིས་བསྒྲུབས་པའི“སྡེ་ཁུལ་གྱི་དུས་ཚོད་བཞི་དང་ཕྱེད་ཀའི་སློབ་ཁྲིད”ལ་ཆད་ལུས་མེད་པར་ཉན་དུ་འགྲོ་རྒྱུ་དེ་རེད།

ཞིན་ལེ་ཤར་ལམ་ཆེན་མོའི་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ལི་ལིན་གྱིས་ངོ་སྤྲོད་བྱེད་རྒྱུར། སྡེ་ཁུལ་གྱི་ཁྱིམ་བདག་ཁ་ཤས་ལས་ཚོགས་སུ་འགྲོ་བ་སོགས་མི་ཁོམ་པའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས། རང་རང་གི་བྱིས་པར་ལྟ་རྟོག་སྙོར་སྐྱོང་བྱེད་པའི་དུས་ཚོད་དང་ལུས་སྟོབས་སེམས་ཤུགས་འདང་གིན་མེད་པ་དང་། བྱིས་པ་རྣམས་ལ་སློབ་ཚན་ཟུར་ཁྲིད་དང་སློབ་སྦྱོང་རོགས་རམ་བགྱིད་པའི་དུས་ཚོད་ཡེ་ནས་མེད་པ་སོགས་ཀྱི་གནས་ཚུལ་འདི་ཉིད་ལ་གདོང་གཏད་ནས། སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་རང་གི་ཉེ་འཁོར་གྱི་དོན་དངོས་གནས་ཚུལ་དང་སྦྲེལ་བཞིན། ཡུན་རིང་ཀུན་ཕན་གྱི་ལས་ཀ་ཞིག་སྟེ“སྡེ་ཁུལ་གྱི་དུས་ཚོད་བཞི་དང་ཕྱེད་ཀའི་སློབ་ཁྲིད”རང་སྟེང་དུ་བླངས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཀུན་སློང་གཙང་མ་ཞིག་གིས་དེ་ལྟར་བསྒྲུབས་མགོ་བརྩམས།  གཟའ་འཁོར་རེ་རེའི་གཟའ་ཟླ་བ་ནས་གཟའ་པ་སངས་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་ཕྱེད་ཀ་ནས་དུས་ཚོད་དྲུག་དང་སྐར་མ་སུམ་ཅུའི་བར་དུ། སྡེ་ཁུལ་གྱི་སློབ་ལོ་རན་པའི་བྱིས་པ་རྣམས་ལ་སློབ་ཡོན་ཅི་ཡང་མ་བླངས་པར་ཁྱིམ་གྱི་ལས་བྱ་ཟུར་ཁྲིད་དང་དཔེ་ཆ་ཀློག་འདོན་སོགས་ཀྱི་ཀུན་ཕན་ཞབས་ཞུ་བཟང་པོ་ཞིག་འདོན་སྤྲོད་བྱས་པས།  བྱིས་པ་རྣམས་སློབ་གྲྭ་གྲོལ་བའི་རྗེས་དང་། ཁྱིམ་བདག་རྣམས་ལས་ཚོགས་མ་གྲོལ་བའི་སྔོན་གྱི་དུས་ཚོད་ཁ་ཤས་རིང་གི་བར་སྟོང་དེར་ལྟ་སྐྱོང་བྱེད་པའི“སྟོང་སངས་ཁུལ”དེ་ཧ་ཅང་བཟང་པོའི་སྒོ་ནས་ཐག་གཅོད་བྱས་ཡོད་ཅིང་། སྡེ་ཁུལ་གྱི་ཏང་ཡོན་རྣམས་ཀྱིས་བར་མཚམས་དེའི་དུས་ཚོད་བེད་སྤྱད་གང་ལེགས་བྱས་ཏེ། ཟུར་ཁྲིད་དགེ་རྒན་གྱི་བརྟུལ་ཞུགས་བཟུང་ནས། སློབ་མ་རྣམས་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེའི་སྒོ་ནས་སློབ་ཕྱིའི་ལས་བྱ་ཟུར་ཁྲིད་དང་སློབ་སྦྱོང་ལ་གང་ཕན་གྱིས་རོགས་རམ་བྱས་ཏེ་སློབ་མ་ཚོར་གཟིགས་སྐྱོང་བྱེད་པ་རེད།

“སྡེ་ཁུལ་གྱི་དུས་ཚོད་བཞི་དང་ཕྱེད་ཀའི་སློབ་ཁྲིད”འདི་ནི་ཞིན་ལེ་ཤར་ལམ་ཆེན་མོའི་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་གཞིས་དམངས་ལ་སྟབས་བདེ་བཟོས་ནས་ཞབས་ཞུ་སྒྲུབ་པའི་དཔེ་མཚོན་གྱི་བསྡུས་རིས་ཙམ་ཞིག་ཡིན། ཆེས་དམའ་བའི་ཚད་མཐའ་ཞིག་ནས་རང་གི་ཉེ་འཁོར་གྱི་མང་ཚོགས་ཚོས་དོན་དག་བསྒྲུབ་པར་སྟབས་བདེ་བཟོ་ཆེད། སྡེ་ཁུལ་གྱི་ལས་སྒྲུབ་ཚོམས་ཆེན་ཁང་དུ་དམངས་སྲིད་ཀྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། སྤྱི་ཚོགས་དོ་དམ། ངལ་རྩོལ་འགན་སྲུང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འགན་སྲུང་སོགས་སྡེ་ཁུལ་གྱི་མང་ཚོགས་ཚོར་གང་ལ་གང་མཁོ་དེ་ལ་དེ་འཕྲོད་ཀྱི་ཞབས་ཞུའི་རྣམ་གྲངས་འོས་ཤིང་འཚམ་པ་རིམ་པར་བཀོད་སྒྲིག་བྱས་ཡོད། 2014ལོར་སྡེ་ཁུལ་གྱི་རིག་གནས་བྱ་འགུལ་ལྟེ་གནས་བཙུགས་ཏེ། གློག་རྡུལ་དཔེ་ཆ་ལྟ་ཀློག་ཁང་དང་།  མིག་མངས་ཤོག་ཕའེ་རོལ་རྩེད་ཁང། རོལ་དབྱངས་གླུ་གར་སྦྱོང་བརྡར་ཁང་སོགས་ཡོད་པར་མ་ཟད། སྟག་མ་མེ་ཏོག་གླུ་གར་རུ་ཁག་དང་ཡུན་བདེ་ལུས་སྦྱོང་རུ་ཁག་སྒྲིག་འཛུགས་བྱས་ཡོད་ཅིང་། ཁོ་ཚོས་སྤྲོ་སྐྱིད་བྱ་འགུལ་སྣ་མང་སྤེལ་བ་བརྒྱུད་དེ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་ཡོད། གཞན་ཡང་། ཞིན་ལེ་ཤར་ལམ་ཆེན་མོའི་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་ད་དུང་གྲོང་མི་སྡོད་དམངས་ཀུན་ལ་སེམས་འདུན་ཕྲ་མོ་མངོན་འགྱུར་བྱེད་པའི་ཆེད་དུ“སྨོན་འདུན་ལྗོན་ཤིང”གསར་དུ་བཙུགས་པ་དང་། དེ་ལ་སྡེ་ཁུལ་གྱི་སྡོད་དམངས་གྲོང་མིས་རེ་འདུན་ཞིག་བཏོན་ན། སྡེ་ཁུལ་གྱི་ཏང་རྩ་འཛུགས་ཀྱིས་རེ་འདུན་ཇི་ལྟར་སྐོང་བའི་བཀོད་སྒྲིག་བྱེད་པ་དང་། དེ་ནས་ལས་རྐང་ན་ཡོད་པའི་ཏང་ཡོན་གྱིས་སྡོད་དམངས་ཀྱི་རེ་འདུན་དང་ལེན་བྱས་ནས་བསམ་དོན་རེ་བ་ཇི་བཞིན་སྐོང་བར་བྱེད་པའི“བྱེད་ཐབས་གསུམ་གྱི་ལམ་ལུགས”སྤྱོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།