འབྲི་ཆུའི་འབྱུང་ཁུངས་ཀྱི་ཆེས་ཆེ་བའི་ལྟག་ཆུ་བསྐྱིལ་གསོག་ནགས་ཁུལ་གྱི་ནགས་ཁེབས་ཚད་ལོ20ཡི་རིང་ལ20%ཇེ་མཐོར་སོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨར་ཁོག་ཆུ་བོའི་ནགས་ལས་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 1998ལོར་རྒྱལ་ཁབ་རང་བྱུང་ནགས་ཐོན་ཁུངས་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། སྨར་ཁོག་ཆུ་བོའི་ནགས་ཁུལ་ནགས་ཚལ་གྱི་ཁེབས་ཚད18.5%ཇེ་མཐོར་སོང་བ་དང་། ས་གནས་ཀྱི་རྩི་ཤིང་དང་སྲོག་ཆགས་རྩ་ཆེན་གྱི་གྲངས་འབོར་བརྟན་འཇགས་ངང་འཕར་ལ། འབབ་རྒྱུད་ཀྱི་ལྟག་ཆུ་བསྐྱིལ་གསོག་མཁོ་འདོན་ནུས་པ་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད།

སྨར་ཁོག་ཆུ་བོའི་ནགས་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་ཡོད་ལ། འབྲི་ཆུའི་འབྱུང་ཁུངས་ས་ཁུལ་གྱི་རྒྱ་ཁྱོན་ཆེས་ཆེ་བ་དང་། ཁྱབ་ཚུལ་ཆེས་གཅིག་འདུས་ཡིན་པའི་གདོད་མའི་ནགས་ཁུལ་ཞིག་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི10.18ཡོད། ནགས་ཁུལ་ན་ཁྲོན་ཞི་ཡུན་ཧྲན་གསོམ་ཤིང་དང་། ཙི་ཀུའོ་ཡུན་ཧྲན་གསོམ་ཤིང་སོགས་སྤུས་ལེགས་སྡོང་རིགས་མང་པོ་ཞིག་མཚོ་ངོས་ལས་མཐོ་ཚད་ལ་སྨི3200ནས་སྨི4200ཡོད་པའི་མཚམས་ཀྱི་གླིང་སྣེ་ས་ཁུལ་དུ་སྐྱེས་ཡོད།

1998ལོ་ནས་བཟུང་། སྨར་ཁོག་ཆུ་བོའི་ནགས་ལས་ཅུས་ཀྱིས་ཕྱོགས་ཡོངས་ནས་སྡོང་པོ་ལྐོག་གཅོད་དང་རི་དྭགས་ལྐོག་གསོད་ལ་ངོ་རྒོལ་བྱེད་པའི་བྱ་བར་ཤུགས་བསྣན་པ་དང་། དུས་མཚུངས་སུ། གཞི་ཁྱོན་ཆེ་བའི་མིའི་ཐབས་ཀྱིས་ནགས་སྐྲུན་ཧུར་བརྩོན་སྒོས་ལག་བསྟར་བྱས་པ་ནས་ད་ལྟའི་བར་ཕན་འབྲས་མངོན་གསལ་ཐོན་ཡོད།

འདས་པའི་ལོ20རིང་སྲུང་སྐྱོབ་དང་ནགས་སྐྲུན་བྱས་པ་བརྒྱུད་ནས།སྨར་ཁོག་ཆུ་བོའི་ནགས་ཁུལ་གྱི་ནགས་ཀྱིས་ཁྱབ་ཚད་སྔོན་ཆད་ཀྱི51%ནས69.5%ལ་འཕར་བ་དང་། བརྒྱ་ཆའི་ཆ18.5ཇེ་མཐོར་སོང་བ་རེད།

སྐྱེ་ཁམས་ཁོར་ཡུག་སྤྱི་ཡོངས་ནས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས།  ས་གནས་དེའི་སྲོག་ཆགས་དང་རྩི་ཤིང་རྩ་ཆེན་མགྱོགས་མྱུར་ངང་སླར་གསོ་བྱུང་། མིག་སྔའི་བར་དུ།  སྨར་ཁོག་ཆུ་བོའི་ནགས་ཁུལ་ནས་བསྡོམས་པས་ནགས་ཚལ་རྩི་ཤིང་རིགས888གསར་རྙེད་བྱུང་། དེའི་ཁྲོད་ཀྱི་རྩི་ཤིང་འགའ་ཤས་རྒྱལ་ཁབ་ཀྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོབ་ཀྱི་དཀར་ཆག་ནང་དུ་བདམས་པ་རེད།

གཞན་ཡང་། སྨར་ཁོག་ཆུ་བོའི་ནགས་ཁུལ་ནས་ད་དུང་སྔ་གཞུག་ཏུ་ཤྭ་བ་མཆུ་དཀར་དང་གཟིག་ཁྲ། གསའ་དང་ཤྭ་བ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་རིགས12དང་། དྲེད་མོང་དང་སྤྲེའུ། ཤྭ་བ་སེར་ཆེན་སོགས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རི་སྐྱེས་སྲོག་ཆགས་རིགས32གསར་རྙེད་བྱུང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།