2019ལོར་མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ20.08ཀྱིས་ཇེ་ཆེར་སོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ནས་ཤེས་གསལ་བྱུང་བ་ལྟར་ན། ཞིང་ཆེན་སྐྱེ་ཁམས་གནམ་གཤིས་ལྟེ་གནས་འཁོར་སྐར་གྱིས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། 2019ལོར་མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4549.38ཡིན་པ་དང་། སྔོན་ལོའི་དུས་མཉམ་ལས་སྤྱི་ལེ་གྲུ་བཞི་མ20.08ཇེ་ཆེར་སོང་ལ། 2019ལོའི་ཟླ4པའི་ཚེས25ཉིན་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ33.76ཇེ་ཆེར་སོང་བ་དང་། གནམ་གཤིས་ཆ་རྐྱེན་ལ་དབྱེ་ཞིབ་བྱས་པ་ལས་གསལ་བ་ལྟར། 2019ལོའི་ཟླ8པའི་ཟླ་དཀྱིལ་དང་ཟླ9པའི་ཟླ་དཀྱིལ་དུ་མཚོ་སྔོན་པོ་ས་ཁུལ་གྱི་ཆར་ཆུ་འབབ་ཚད་སྔོན་ལོ་ལས་སྤྱིའི་ཆ་ནས་ཇེ་མང་དུ་སོང་བས།མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་ཇེ་ཆེར་འགྲོ་བའི་རྒྱུ་རྐྱེན་གཙོ་བོར་གྱུར་པ་རེད།

མཚོ་སྔོན་པོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་ཆུ་ཁུངས་བསྐྱིལ་གསོག་ས་གནས་དང་ཆུ་རླངས་འཁོར་རྒྱུག་གི་བརྒྱུད་ལམ་གཙོ་བོ་ཡིན་ལ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་བའི་ཚྭ་མཚོ་ཡིན་པར་མ་ཟད། ནུབ་རྒྱུད་མྱ་ངམ་ཐང་ཤར་ཕྱོགས་སུ་རྒྱུན་བསྲིང་བ་བཀག་འགོག་བྱེད་པའི་རང་བྱུང་སྒྲིབ་ངོས་ཤིག་ཀྱང་ཡིན། 2008ལོར། རང་ཞིང་གིས་དུས་ཡུན་ལོ10ཡི་རིང་ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར15.67བཏང་ནས།མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བཟོ་འགོད་ལག་བསྟར་བྱེད་མགོ་བརྩམས་ཏེ། གཙོ་བོ་མཚོ་སྔོན་པོ་འབབ་རྒྱུད་ཀྱི་ཐེམ་ཆེན་དང་རྐང་ཚ། ཧེ་ཡན། གུང་ཧོ་རྫོང་བཅས་དང་།རྒྱལ་གཉེར་ཞིང་ཕྱུགས་ར་བ4ཡི་སྤྱི་ལེ་གྲུ་བཞི་མ་ཁྲི2.96ཙམ་ལ་མིའི་ཐབས་ཀྱིས་ཆར་ཕབ་པ་དང་བརླན་ས་སྲུང་སྐྱོབ། ཞན་འགྱུར་རྩྭ་ས་བཅོས་སྐྱོང་། སྐྱེ་ཁམས་ནགས་ལས་འཛུགས་སྐྲུན། ཆུ་ལམ་བཅོས་སྐྱོང་། སྐམ་སའི་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་སོགས་ཀྱི་བཟོ་འགོད་ལག་བསྟར་བྱས།

མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བསྟུད་མར་ཇེ་ལེགས་སུ་སོང་བ་ལས་སྐྱེ་དངོས་སྣ་མང་ཅན་དུ་གྱུར་ཅིང་། མིག་སྔའི་བར་དུ། མཚོ་སྔོན་པོ་ས་ཁོངས་ཀྱི་འདབ་ཆགས1996ལོའི་རིགས་སྣ164ནས225ལ་འཕར་བ་དང་། རྒྱལ་ཡོངས་ཀྱི་འདབ་ཆགས་རིགས་གྲངས་ཀྱི17%ཟིན་ལ། ལོ་རེར་བྱ་ཁྲི30ཡས་མས་གནས་འདིར་འཚོ་སྡོད་དང་འཚར་ལོངས་འབྱུང་བཞིན་ཡོད། གཅན་གཟན་གྱི་རིགས41དང་ས་ཆུ་གཉིས་གནས་ཀྱི་ལྟོ་འགྲོ་ཡི་རིགས5། ཉ་རིགས8། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་རིགས་སུ་གཏོགས་པ8དང་།རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་རིགས་སུ་གཏོགས་པ29བཅས་ཡོད། འཇིག་ཉེན་ཆེ་བའི་དགོ་བའི་གྲངས་ཚད2004ལོའི257ནས2018ལོའི2793ལ་འཕར་བ་དང་། མཚོ་སྔོན་པོའི་གསེར་ཉ་ཡི་ཐོན་ཚད2002ལོའི་ཏུན2592ནས2018ལོའི་ཏུན་ཁྲི8.8ལ་འཕར་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།