“ལྔ་བཅུ་གསུམ”ཚུན་དུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཐད་སྤྱིའི་ཆ་ནས“ལྗང་མདོག་འཕེལ་ཞིང་བྱེ་ས་འགྲིབ་པ”ཡི་རྣམ་པ་མངོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལྔ་བཅུ་གསུམ”ཚུན་དུ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ནགས་ལས་རྩྭ་ཐང་སྡེ་ཁག་གིས“བྱང་གསུམ”འགོག་སྲུང་ནགས་ཚལ་དང་རང་བྱུང་ནགས་སྲུང་སྐྱོབ། བྱེ་ས་བཀག་སྡོམ་སྲུང་སྐྱོབ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་སོགས་གཙོ་གནད་སྐྱེ་ཁམས་བཟོ་འགོད་ཏན་ཏིག་གིས་སྐུལ་འདེད་བྱས་ཏེ།བྱེ་འགོག་བྱེ་བཅོས་བྱ་བར་གཡུར་ཟའི་གྲུབ་འབྲས་བླངས་པ་དང་།  སྤྱིའི་ཆ་ནས“བྱེ་མས་མི་ཕྱིར་སྣུར་བྱེད་དུ་བཅུག་པ”ནས“ལྗང་མདོག་འཕེལ་ཞིང་བྱེ་ས་འགྲིབ་པའི”ལོ་རྒྱུས་རང་བཞིན་གྱི་དཀྱོགས་མཚམས་གལ་ཆེན་མངོན་འགྱུར་བྱུང་།

“ལྔ་བཅུ་གསུམ”ཚུན་དུ། ཞིང་ཆེན་ཡོངས་ཀྱི་བཅོས་སྐྱོང་འགན་འཁྲི་ཡི་བྱེ་ས་སྤྱི་ཆིང་ཁྲི30.07ཡོངས་འགྲུབ་བྱས་པ་དང་། དེས་སྤྱིའི་འགན་འཁྲི་ཡི75.2%ཟིན་ལ། མ་དངུལ་སྒོར་དུང་ཕྱུར7.41བཏང་། འགོག་བཅོས་བྱེད་ཐབས་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་བྱེ་ཁུལ་གྱི་ཆུའི་ཐོན་ཁུངས་གཟབ་ནན་གྱིས་དོ་དམ་བྱས་ཏེ། བྱེ་ཁུལ་གསར་སྤེལ་དང་འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་དཔྱད་འཇོག་ལམ་ལུགས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཤིང་། རྒྱལ་ཁོངས་ལྗང་བསྒྱུར་གྱི་གཙོ་གནད་ལས་གཞིའི་འཛུགས་སྐྲུན་ལ་ཏན་ཏིག་གིས་སྐུལ་འདེད་བྱས་པར་མ་ཟད། བྱེ་ཁུལ་གྱི་ནགས་ཚལ་དང་རྩྭ་རྩི་ཤིང་ལ་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་། དུས་མཚུངས་སུ། ནགས་ལས་ཁྲིམས་བསྟར་སྔར་བས་ཇེ་ཆེར་བཏང་སྟེ། ལོ་ལྔའི་རིང་ལ་བསྡོམས་པས་ནགས་དང་འབྲེལ་བའི་གྱོད་དོན་སྣ་ཚོགས5594ཞིབ་བཤེར་ཐག་གཅོད་བྱས་ཏེ།ཁྲིམས་འགལ་མི་སྣ་མི་ཐེངས་ཁྲི1.5ལ་རྡུང་རྡེག་དང་ཐག་གཅོད་བྱས།

《མཚོ་སྔོན་ཞིང་ཆེན་གྱི་བྱེ་འགོག་བྱེ་བཅོས་འཆར་འགོད(2011–2020ལོ)》སྒྲིག་བཟོ་ཡོངས་འགྲུབ་བྱས་པ་དང་། 《ནགས་སྐྲུན་ལམ་ལུགས་གསར་སྐྲུན་བྱས་ཏེ་རྒྱལ་ཁོངས་ལྗང་བསྒྱུར་གྱི་སྒུལ་ནུས་གསར་པ་སྐུལ་སྤེལ་བྱེད་པའི་བྱེད་ཐབས》བཏོན་ལ། 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ལྗང་བསྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི(2018–2020ལོ)》ལག་བསྟར་བྱས། ཞིང་ཆེན་ཡོངས་ཀྱི་ཁུལ6དང་བྱེ་ཁུལ་རྫོང18(གྲོང་ཁྱེར་དང་སྲིད་འཛིན་ཨུ་ཡོན་ལྷན་ཁང)ལ་མིའི་ཐབས་ཀྱིས་ནགས་སྐྲུན་པ་དང་རྩྭ་འདེབས། བྱེ་རྒྱ་ནགས(རྩྭ)གསོ་དང་བྱེ་འགྱུར་རྩྭ་ས་བཅོས་སྐྱོང་སོགས་ཀྱི་བྱེད་སྟངས་སྤྱད་དེ། ད་ཡོད་ཀྱི་ནགས་ཚལ་དང་རྩྭ་རྩི་ཤིང་ལ་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱས་ཏེ།བྱེ་སའི་ཕྱོགས་བསྡུས་བཅོས་སྐྱོང་གི་ཤུགས་ཚད་སྔར་བས་ཇེ་ཆེར་བཏང་།

མ་དངུལ་གཏོང་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། “བྱང་གསུམ”འགོག་སྲུང་ནགས་ཚལ་དང་གཙང་གསུམ་འབྱུང་ཡུལ། མདོ་ལ་རི་བོ། བྱེ་ས་བཀག་སྡོམ་སྲུང་སྐྱོབ་ཁུལ་སོགས་གཙོ་གནད་སྐྱེ་ཁམས་བཅོས་སྐྱོང་ལས་གཞི་ཏན་ཏིག་གིས་སྐུལ་འདེད་བྱས་ཏེ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོ་ཡུལ་མིའི་འཚོ་བའི་ཁ་གསབ་སོགས་སྐྱེ་ཁམས་ཁ་གསབ་ལས་གཞི་སྔོན་དུ་སྤེལ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།