ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་ཞིང་ཆེན་གྱི་ལུགས་རྙིང་ལོ་སར་སྐབས་ཀྱི་འགྲུལ་སྐྱེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་ཁྲིད་དེ་ཟི་ལིང་མེ་འཁོར་ས་ཚིགས་དང་ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་སུ་སོང་ནས་ལུགས་རྙིང་ལོ་སར་སྐབས་ཀྱི་གྲ་སྒྲིག་བྱ་བར་ལྟ་སྐུལ་དང་རྟོག་ཞིབ་བྱས།
ཝང་ལིས་མེན་སོགས་སྔ་གཞུག་ཏུ་ཟི་ལིང་མེ་འཁོར་ས་ཚིགས་དང་ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་བདེ་འཇགས་ཞིབ་བཤེར་ཁུལ་དང་ལྟེ་གནས་ཀྱི་ཞབས་ཞུའི་སྟེགས་བུ། པ་སེ་འཚོང་ས། ཕྱོགས་བསྡུས་ཚོད་འཛིན་ཁང་སོགས་སུ་སོང་ནས། བདེ་འཇགས་ཞིབ་བཤེར་དང་པ་སེ་འཚོང་བའི་ཞབས་ཞུ། རླངས་འཁོར་བཀོད་གཏོང་། སྐྱེལ་འདྲེན་དོ་དམ། འགྲུལ་བའི་ཁྱད་ཆོས། འགྲུལ་སྐྱེལ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། རླངས་འཁོར་སྒུག་ས་རུ་རླངས་འཁོར་ལ་སྒུག་བཞིན་པའི་འགྲུལ་བ་དང་གླེང་མོལ་བྱས་ནས། གཞི་རིམ་མང་ཚོགས་ཀྱི་ལུགས་རྙིང་ལོ་སར་སྐབས་ཀྱི་འགྲེལ་སྐྱེལ་བྱ་བའི་ཐད་ཀྱི་དགོས་མཁོ་དང་འབྲེལ་ཡོད་བྱ་བའི་ཐད་ཀྱི་བསམ་ཚུལ་རྒྱུས་ལོན་བྱས།
ལུགས་རྙིང་ལོ་སར་སྐབས་ཀྱི་འགྲུལ་སྐྱེལ་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་རྗེས། ཝང་ལིས་མེན་གྱིས་ཟི་ལིང་མེ་འཁོར་ས་ཚིགས་དང་ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་ཀྱིས་ལོ་སར་སྐབས་ཀྱི་འགྲུལ་སྐྱེལ་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་བྱ་བ་སྣ་ཚོགས་ལ་ཁས་ལེན་གང་ལེགས་བྱས་པ་དང་། རྩ་འཛུགས་ཞིབ་མོ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་འགྲུལ་བ་བདེ་འཇགས་དང་སྒྲིག་ལམ་ཡོད་པའི་སྒོ་ནས་ཕྱིར་བསྐྱོད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།
ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། ལུགས་རྙིང་ལོ་སར་སྐབས་ཀྱི་འགྲེལ་སྐྱེལ་བྱ་བ་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པ་དང་། དེ་ནི་དམངས་ཚིས་ཀྱི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པས། ཕྱོགས་སོ་སོས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། འབྲེལ་ཡོད་ཕྱོགས་སོ་སོས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ལུགས་རྙིང་ལོ་སར་སྐབས་ཀྱི་འགྲུལ་སྐྱེལ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། བདེ་འཇགས་དང་པོར་འཛིན་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། ལྟ་སྐུལ་ཚོད་འཛིན་དང་ཡུལ་དངོས་བདེ་འཇགས་ཀྱི་དོ་དམ་ལ་ཤུགས་སྣོན་པ། ལུགས་རྙིང་ལོ་སར་སྐབས་ཀྱི་འགྲུལ་སྐྱེལ་ཐད་ཀྱི་ལས་རེས་ལ་བཀོད་སྒྲིག་འོས་མཐུན་བྱེད་པ། ཁྱོན་ཡོངས་ནས་འཕྲལ་བསྟུན་ཐག་གཅོད་ཇུས་གཞི་བཟང་བོར་བསྒྲུབ་ནས། གྲ་སྒྲིག་བྱ་བ་སྣ་ཚོགས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཝང་ལིས་མེན་གྱིས་ལུགས་རྙིང་ལོ་སར་སྐབས་ཀྱི་འགྲུལ་སྐྱེལ་གྲ་སྒྲིག་བྱ་བར་ལྟ་སྐུལ་དང་རྟོག་ཞིབ་བྱས།