མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་1ཚེས་9ཉིན། མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་སྐོར་ཁག་20པའི་ཁོངས་མིའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གཉིས་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ཡུས་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲུང་ཡིག་ཆེན་མོ་བཅས་ཚོགས་འདུར་ཞུགས་པ་རེད།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་འབུམ་རམས་པའི་ཚོགས་པའི་ཁོངས་མི་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་བསྟན་དོན། འབུམ་རམས་པའི་ཞབས་ཞུའི་ཚོགས་པ་མཚོ་སྔོན་དུ་ལས་ཀ་བྱེད་པར་འདེམས་གཏོང་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་རྩ་འཛུགས་པུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་བཅས་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོར་རྒྱབ་སྐྱོར་བྱེད་པ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ན་གཞོན་ཤེས་ལྡན་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པ་བཅས་ཀྱི་ཆེད་དུ་ལག་བསྟར་བྱས་པའི་ཤེས་ལྡན་པའི་ལས་གཞི་གལ་ཆེན་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་མཚོ་སྔོན་ལ་མཐོང་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ། མངགས་གཏོང་ལས་ཁུངས་དང་འབུམ་རམས་པའི་ཁྱིམ་ཚང་གིས་མཚོ་སྔོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབུམ་རམས་པ་ནི་རྒྱལ་ཁབ་ཀྱི་གདུང་འདེགས་ཀ་བ་དང་སྤྱོད་སྒོ་ཆེ་བའི་ཤེས་ལྡན་པ་ཡིན་པ་དང་། མཚོ་སྔོན་དུ་རིགས་མི་འདྲ་བའི་ཤེས་ལྡན་མི་སྣས་འཇོན་ཐང་ངོམས་སའི་གར་སྟེགས་རྒྱ་ཆེན་པོ་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཇེ་ཟབ། “གདེང་ཚོད་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། རང་ངོས་ཀྱི་ལེགས་ཆ་དང་ས་གནས་ལས་དོན་གྱི་མཐུན་ཆ་གཉིས་གནད་ལ་འཁེལ་བའི་ངང་འཚོལ་ཞིབ་བྱེད་པ་དང་། ཞབས་ཞུའི་ཁྲོད་གྲུབ་འབྲས་ཐོབ་པ། སྦྱོང་བརྡར་ཁྲོད་ཡར་རྒྱས་ཡོང་བ་བཅས་བྱེད་དགོས་ཞེས་བསྟན་པ་རེད།  

ལིག་ཉིང་གིས་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིར་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ངོ་སྤྲོད་བྱས་ཏེ། ཁོང་ཚོར་རེ་བ་ཆེན་པོ་བཅངས་ཡོད་པའི་དགོངས་ཚུལ་བསྟན་པར་མ་ཟད། འབུམ་རམས་པའི་ཚོགས་པ་སླེབས་པ་དེས་ལྟ་ཚུལ་གསར་པ་དང་། འདུ་ཤེས་གསར་པ། ལག་རྩལ་གསར་པ། མི་ཆོས་གསར་པ་བཅས་ལ་ཁྲིད་སྟོན་བྱེད་པའི་ནུས་པ་ཐོན་ཡོད་པ་དང་། དེ་ནི་མཚོ་སྔོན་ལ་མཚོན་ན་ཧ་ཅང་གལ་འགངས་ཆེ་བ་དང་ཁ་ཚ་དགོས་གཏུགས་ཤིག་རེད། ཚང་མས་“མཐོ་འཛེགས་རྒྱང་ལྟ་དང་། རང་རྟོན་སྒོ་འབྱེད། ཆིག་སྒྲིལ་སྐྱེས་འབུལ། འབད་འཐབ་ལྷོད་མེད་”བཅས་ཀྱི་མཚོ་སྔོན་གསར་པའི་སྙིང་སྟོབས་ལག་ལེན་དུ་བསྟར་ནས། འབད་འཐབ་པའི་རྣམ་པའི་ཐོག་ནས་མུ་མཐུད་དུ་ཡང་རྩེ་གསར་པར་འཛེགས་ཏེ། མཚོ་སྔོན་གྱི་ས་གཞི་ཆེན་པོ་འདིའི་སྟེང་རང་ཉིད་ཀྱི་སྤྱང་གྲུང་དང་བློ་གྲོས་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།