ཟི་ལིང་གྲོང་ཁྱེར་གྱིས་མི་སྣ་དང་རླངས་འཁོར་ཁག་གཅིག་ལོ་སར་སྐྱེལ་འདྲེན་ནང་ཞུགས་རྒྱུ་གཏན་འགོག་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་གསར་སྐྱེལ་འདྲེན་རིང་། ཟི་ལིང་གྲོང་ཁྱེར་གྱིས་འཁོར་བགྲོད་ལག་རྩལ་ཚད་མ་ལོན་པ་དང་ཁ་ལོ་བའི་ལག་ཁྱེར་སྐར་མ12བཅག་པ་སོགས་ཀྱི་གནས་ཚུལ་ཡོད་པའི་རླངས་འཁོར་དང་། སྐྱེལ་འདྲེན་ཁེ་ལས། མི་སྒེར་བཅས་ལོ་སར་སྐྱེལ་འདྲེན་ནང་ཞུགས་པར་བཀག་འགོག་ནན་པོ་བྱ་རྒྱུ་རེད། 

ད་ལོའི་ལོ་སར་སྐྱེལ་འདྲེན་དུས་ཡུན་ནི་ཟླ1པོའི་ཚེས10ཉིན་ནས་ཟླ2པའི་ཚེས18ཉིན་བར་ཡིན་ལ་ཁྱོན་ཉིན40ཡོད། ལོ་སར་སྐྱེལ་འདྲེན་རིང་ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་སྡེ་ཁག་གིས“མངོན་ཞིབ་ལྐོག་འདྲི”དང“མི་ཆོག་པ་བཞི་དང་གཏན་འགོག་གཉིས”སོགས་ཀྱི་བྱེད་ཐབས་སྤྱད་ནས་སྐྱེལ་འདྲེན་ཁེ་ལས་དང་། འགྲུལ་ཟོག་ས་ཚུགས་སོགས་གཙོ་གནད་བྱས་ཏེ་ཁྱབ་ཁོངས་སུ་ལོ་སར་སྐྱེལ་འདྲེན་གྱི་བདེ་འཇགས་ཞིབ་བཤེར་བྱ་རྒྱུ་རེད། ལོ་སར་སྐྱེལ་འདྲེན་ནང་ཞུགས་པའི་ལམ་ཐིག་དང་། ས་ཚིགས་སྒྲིག་བཀོད། སྐྱེལ་འདྲེན་སྒྲིག་བཀོད། ལས་གཉེར་མི་སྣ་བཅས་ལ་ཁྱོན་ཡོངས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ། ལག་རྩལ་ཚད་མི་ལོན་པའི་འཁོར་རིགས་སྐྱེལ་འདྲེན་བྱེད་རྒྱུ་བཀག་འགོག་ནན་པོ་བྱེད་པ་དང་ལག་ཁྱེར་སྐར་མ12བཅག་ཟིན་པའི་ཁ་ལོ་བ་ལོ་སར་སྐྱེལ་འདྲེན་ནང་ཞུགས་རྒྱུ་བཀག་འགོག་ནན་པོ་བྱས་ནས། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཚབས་ཆེན་ཡོད་པའི་སྐྱེལ་འདྲེན་ཁེ་ལས་དང་། རླངས་འཁོར། ལས་ཞུགས་མི་སྣ་བཅས་ཀྱི་ལོ་སར་སྐྱེལ་འདྲེན་ནང་ཞུགས་པའི་ཐོབ་ཐང་མེད་པར་བཟོ་བ་དང་འབྲེལ་ལས་མཚམས་བཞག་ནས་བཅོས་སྒྲིག་བྱ་རྒྱུའི་བཀའ་གཏོང་རྒྱུ་རེད། ལྟ་སྐུལ་ཚོད་འཛིན་བྱེད་སའི་འགན་འཁྲི་དོན་འཁྱོལ་མི་བྱེད་པའི་ཁེ་ལས་དང་རླངས་འཁོར་གྱི་མཐའ་སྣེའི་བརྒྱུད་གཏོང་བརྡ་རྟགས་ལ་གཏོར་སྐྱོན་གཏོང་མཁན་མི་སྒེར་དང་། མཐའ་སྣེ་ལ་གནད་དོན་ཡོད་པ་ཤེས་བཞིན་དུ་དུས་ཐོག་ཉམས་གསོ་མི་བྱེད་པའམ་རླངས་འཁོར་བརྗེས་པ་སོགས་ཀྱི་ཐབས་སྤྱད་དེ་ལོ་སར་སྐྱེལ་འདྲེན་ནང་ཞུགས་མི་ཆོག  བཅོས་སྒྲིག་མི་བྱེད་པའམ་ཐེངས་མང་པོར་བཅོས་སྒྲིག་མཐའ་འཁྱོལ་མི་བྱེད་པའི་ཁེ་ལས་དག་བདེ་འཇགས་ཐོན་སྐྱེད་ཀྱི“ནག་ཐོ”ཡི་ནང་བཅུག་ནས་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་རྒྱུ་དང་། གནས་ཚུལ་ཚབས་ཆེན་ཡིན་ཚེ་ཁྲིམས་ལྟར་འབྲེལ་ཡོད་སྐྱེལ་འདྲེན་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་མེད་པར་བཟོ་རྒྱུ་དང་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།