མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་8.3ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འགན་འཁུར་བས་གསར་འགོད་པར་བཤད་དོན། “ཟླ་10པའི་ཟླ་མཇུག་བར་དུ་རིམ་རྩིས་བྱས་ན། འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་176.86བཏང་ཡོད་པ་དང་། སྔོན་དཔག་བྱས་ན་ལོ་མཇུག་བར་དུ་མ་དངུལ་སྒོར་དུང་ཕྱུར་210ཙམ་བཏང་ནས། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་8.3ཡོད་པའི་ནང་མྱུར་བགྲོད་གཞུང་ལམ་(རིམ་པ་དང་པོ་ཚུད)སྤྱི་ལེ་4000ལས་བརྒལ་རྒྱུ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་མཁའ་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་663ལ་བསླེབ་རྒྱུ་རེད།” ཅེས་བཤད། 2019ལོར་མཚོ་སྔོན་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་བྱུང་ཡོད།

2019ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཤུགས་ཆེའི་རྒྱབ་སྐྱོར་འོག ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་དང་། སྐྱེལ་འདྲེན་ཞབས་ཞུའི་འགན་ལེན། ལས་རིགས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། ལས་རིགས་བཅོས་སྐྱོང་ནུས་པ་དང་ཞབས་ཞུའི་ཆུ་ཚད་ནུས་ལྡན་གྱིས་མཐོ་རུ་ཕྱིན་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་རྨང་གཞིའི་འགན་ལེན་གྱི་ནུས་པ་འདོན་སྤེལ་བྱས་ཡོད།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་དཔྱད་གཞིའི་ཡིག་རིགས་ལས་མངོན་པ་ལྟར་ན། 2019ལོའི་ཟླ་10པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་སུ་ཆ་རྐྱེན་འཛོམས་ཤིང་སྒྲིག་གཞི་ཚང་བའི་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ཤར་གཏོང་ཐུབ་ཚད་99.5%ལ་སླེབས། ཟི་ལིང་དང་། མཚོ་ཤར། མཚོ་ནུབ། མཚོ་ལྷོ། མཚོ་བྱང་། རྨ་ལྷོ། ཡུལ་ཤུལ་བཅས་གྲོང་ཁྱེར་དང་ཁུལ་བདུན་གྱིས་ཆ་རྐྱེན་འཛོམས་ཤིང་སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་ལོ་འཁོར་གྱི་དམིགས་ཚད་ལས་འགན་དེ་དུས་བཀག་སྔོན་ལ་ལེགས་གྲུབ་བྱུང་ཡོད་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།