མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཚོགས་ནས་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་གྱི་ལག་བསྟར་བྱ་ཐབས་ལ་ཞིབ་འཇུག་བྱས་ཏེ་འབྲེལ་ཡོད་ལས་དོན་གྱི་སྙན་ཞུ་ལ་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་ཞིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་དང་། རྒྱལ་ཡོངས་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱེད་དགོས་པར་བསྟན་ལ། རླབས་ཆེའི་ཀྲུང་ཧྭ་མི་རིགས་བསྐྱར་དར་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ཐོག་ལོ་བརྒྱ་ལ་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་སེམས་ལ་བཅངས་ནས། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་ལམ་ལུགས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་བདེ་སྐྱིད་ལ་འགན་ལེན་བྱེད་པ་བཅས་ཀྱི་ཐད་ནས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ངོས་འཛིན་དང་དམ་འཛིན་ཡང་དག་བྱེད་པ་དང་། དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་སྒྲིལ། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་འགྲེམས་སྟོན་བཅས་ཀྱི་ལས་འགན་ལ་དམིགས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་མུ་མཐུད་དུ་གཏིང་ཟབ་ངང་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་སློབ་སྦྱོང་དང་དྲིལ་བསྒྲགས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་དགོས་ལ། དུས་རབས་གསར་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་། མཚོ་སྔོན་གསར་པའི་དྲང་ནུས་བརྒྱུད་སྤེལ་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་དྲིལ་བསྒྲགས་བསམ་བློའི་ལས་དོན་མང་ཚོགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་ལ་འབད་བརྩོན་བྱེད་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པར་བསྟན།

ཚོགས་འདུའི་ཐོག་དམངས་འཚོའི་བྱ་བ་དངོས་ཀྱི་ལས་གཞི་ཡག་པོ་སྒྲུབ་རྒྱུ་ནི་ཀྲུང་དབྱང་གི་བླང་བྱ་དང་། མང་ཚོགས་ཀྱི་རེ་སྒུག སྲིད་གཞུང་གི་འགན་འཁྲི་བཅས་ཡིན། 2019ལོར་ལེགས་འགྲུབ་བྱུང་བའི་གནས་ཚུལ་དང་། 2020ལོའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ཐོག་ནས་རྩ་དོན་གཏན་འབེབས་བྱེད་པར་མཐའ་ཚད་ཡོད་པ་དང་། ལས་གཞིའི་དམ་འཛིན་ལ་ཚད་གཞི་ཡོད་པ། ལས་ཀའི་བྱ་ཐབས་ཇེ་ལེགས་སུ་གཏོང་བ། སྲིད་གཞུང་གི་ལས་དོན་ལ་འགན་འཁྲི་ཡོད་པ་བཅས་མཚོན་ཡོད། “དམངས་འཚོ་ཆེན་པོའི”འདུ་ཤེས་མཐའ་འཁྱོངས་ཀྱིས་ནན་ཏན་གྱིས་བྱ་བ་བཟང་པོ་སྒྲུབ་པ་དང་བྱ་བ་དངོས་སྒྲུབ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་སྔར་ལས་ལྷག་པ་ཡོང་བ་བྱེད་དགོས་པར་བསྟན། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།