མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ1པོའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་ལ་གཙོ་སྐྱོང་གནང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི2020ལོའི་ལོ་གསར་གྱི་ཤིས་ཚིག་དང་། ཀྲུང་དབྱང་ནོར་སྲིད་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་ཀྱི་ལས་དོན་སྲོལ་ཡིག》བཅས་ལ་སློབ་སྦྱོང་གནང་ཞིང་། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི“ཐོག་མའི་ཕུགས་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་དང་། དུས་ཚིགས་དང་པོའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ནང་ཕུལ་བའི་ཟོལ་མེད་བབ་ཆགས་དང་། བརྩེ་སེམས་ཟབ་མོ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བ་བཅས་ལ་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། ཤིས་ཚིག་གི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཡིག་འབྲུ་རེ་རེའི་མི་སེམས་སྒུལ་བའི་བསྟན་དོན་གྱིས་འབད་བརྩོན་སྟོབས་ཤུགས་ལ་གོ་བ་གཏིང་ཟབ་ལེན་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ། སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པ། དཀའ་སྤྱད་འབད་བརྩོན་གྱིས་ལས་དོན་སྒྲུབ་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་གྲུབ་འབྲས་གང་ལེགས་ལེན་པར་འགན་ལེན་བྱ་དགོས་པར་བསྟན།  

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ནོར་སྲིད་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཁྲོན་ཧའེ་ཟམ་ཆེན་ཤར་གཏོང་ཐུབ་པ་གོ་སྐབས་སུ་བཟུང་ནས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་བར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་གཉིས་ཀྱི་མཉམ་ལས་ལ་ཤུགས་བརྒྱབ་ནས་གྲོང་ཁྱེར་གཉིས་ཀྱི་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། “རྒྱུད་གཅིག་ལམ་གཅིག་”གི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་དང་མཉམ་འདྲེས་ཧུར་ཐག་བྱས་ཏེ། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ་དང་། ཆུ་ཁུངས་གསོ་སྐྱོང་མཐོར་འདེགས་དང་ས་ཆུའི་བཅུད་ཤོར་གནས་ཚུལ་བཅོས་སྐྱོང་སོགས་ཀྱི་ལས་གཞི་ལག་བསྟར་བྱེད་པར་དམིགས་ཏེ། ལས་འགན་གཙོ་བོར་ཞིབ་ཕྲའི་བྱེད་ཐབས་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ། སྔ་མོ་ནས་ཇུས་འགོད་དང་བརྩོན་ལེན་ཧུར་ཐག་བྱས་ཏེ་ལས་དོན་ཁག་ལ་ནན་ཏན་གྱིས་སྐུལ་འདེད་གཏོང་དགོས་པར་བསྟན།

 ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལིས་ཅེ་ཞང་དང་། ཏང་ཙུའུ་ཡི་ཁོངས་མི་ཝང་ལིས་མིང་དང་། དབྱང་ཧྥིན་ཁྲོན། ཝང་ཀྲིན་ཧྲེན། ཀྲང་ལིས། ཀྲང་ཧོང་ཡོན་བཅས་ཚོགས་འདུར་ཞུགས་པ་དང་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཟུར་ཞུགས་གནང་བ་རེད། །


རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།