མཚོ་སྔོན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི“ནད་རིགས་གཉིས”ཀྱི་སྨན་རིན་མང་ཤོས60%རྩིས་ཞུ་བྱེད་ཆོག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྨན་བཅོས་འགན་བཅོལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་སྔར་བས་ཡག་པོ་བྱ་ཆེད། མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད(གཤམ་དུ་ནད་རིགས་གཉིས་ཞེས་བསྡུ་རྒྱུ)ཀྱི་སྒོ་བསྟེན་སྨན་སྤྱོད་ཀྱི་སྲིད་ཇུས་གསར་པ་བཏོན་ནས། “ནད་རིགས་གཉིས”ཕོག་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྒོ་བསྟེན་སྨན་རིན་མཐོ་ཤོས་60%རྩིས་ཞུ་བྱེད་ཆོག་པ་རེད།

མཚོ་སྔོན་ཞིང་ཆེན་གྱིས་ཉེ་ཆར་བཏོན་པའི《གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་སྒོ་བསྟེན་སྨན་སྤྱོད་པའི་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དང《ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད་ཀྱི་སྒོ་བསྟེན་སྨན་སྤྱོད་པའི་གཏོང་སྤྲོད་ཚད་གཞི》ལྟར་ན། སྲིད་ཇུས་གསར་པས་འགན་ལེན་བྱ་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་པ་དང་། རིམ་པ་གཉིས་པ་དང་དེ་བཞིན་རིམ་པ་དེའི་ཡན་གྱི་གནས་ངེས་གཏན་གྱི་སྨན་བཅོས་སྒྲིག་གཞིས་གཏན་འཁེལ་བྱས་པའི་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་པ་ཡིན་པ། སྨན་གྱིས་ནད་བཅོས་བྱེད་དགོས་ཀྱང་སྒོ་བསྟེན་གཅོང་ནད་འགན་བཅོལ་ཁྱབ་ཁོངས་ནང་བཅུག་མེད་པའི“ནད་རིགས་གཉིས”ཕོག་པའི་ནད་པ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། “ནད་རིགས་གཉིས”ཀྱི་སྒོ་བསྟེན་སྨན་སྤྱོད་ཀྱི་སྨན་བཅོས་འགན་བཅོལ་ལ་ཐོག་མའི་དངུལ་ཚད་བཟོས་མེད་པས། ནད་པས་རིམ་པ་གཉིས་པ་དང་རིམ་པ་དང་པོ་དང་། དེ་བཞིན་དེ་མན་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྤྱད་པའི་སྨན་རིན་རྩིས་ཞུའི་བསྡུར་ཚད50%དང60%སོ་སོར་ཡིན་པ་དང་། ལོ་འཁོར་མོའི་ནང་ཁྲག་ཤེད་མཐོ་བའི་ནད་ཀྱི་སྒོ་བསྟེན་སྨན་སྤྱོད་ལ་མཐོ་ཤོས་སྒོར་400དང་གཅིན་སྙི་ཟ་ཁུའི་ནད་ལ་མཐོ་ཤོས་སྒོར600ལས་སྤྲོད་དགོས་ཀྱི་མེད་པ་དང་། “ནད་རིགས་གཉིས”མཉམ་དུ་ཕོག་པའི་ནད་པས་མཐོ་ཤོས་ལ་སྒོར་1000ལས་སྤྲོད་དགོས་ཀྱི་མེད། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་ཐག་གང་ཉེ་དང་སྟབས་གང་བདེའི་རྩ་དོན་ལྟར་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་2ནས་3བར་བདམས་ཏེ། “ནད་རིགས་གཉིས”ཀྱི་སྨན་སྤྱོད་པའི་ཆེད་དོན་ཐོབ་ཐང་ལོངས་སུ་སྤྱོད་པའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་བྱེད་ཆོག་པ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།