མཚོ་སྔོན་ཞིང་ཆེན་གྱིས་ཁྲིམས་འགལ་ངང་མི་བདེན་པའི་བརྡ་ཁྱབ་རིགས་བཅུ་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བརྡ་ཁྱབ་ཁྲོམ་རའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཞི་མཐུན་གྱི་བརྡ་ཁྱབ་ཀྱི་རྣམ་པ་བཟང་པོ་གཏོད་ནས། མི་དམངས་མང་ཚོགས་ཀྱིས་འཆམ་མཐུན་ངང་དཔྱིད་གསར་དུས་ཆེན་རོལ་བར་འགན་ལེན་བཅས་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས“འགོ་རྩོམ་བྱ་བ”ཡག་པོ་གཏོད་རྒྱུར་དམིགས་ནས་ཕྱོགས10ནས་སྤྱི་ཚོགས་ཐོག་བསམ་འཆར་ཆེ་བའི་བརྡ་ཁྱབ་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྨན་རྫས་དང་། ལུས་ཁམས་བདེ་སྲུང་བཟའ་བཅའ། སྨན་བཅོས། མཛེས་བཟོའི་ཞབས་ཞུ། ཡུལ་སྐོར་ཞབས་ཞུ། སློབ་གསོ་གསོ་སྦྱོང་། ས་ཁང་བདག་ཁོངས། དངུལ་རྩའི་མ་འཇོག་དང་རྒྱུ་ནོར་བདག་གཉེར་གྱི་བརྡ་ཁྱབ་སོགས་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་རྒྱུ་ནོར་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཕྱོགས10ཡི་ཐད་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

དེའི་ནང་ཞིབ་བཤེར་མ་བྱས་པའམ་ཡང་ན་ཆོག་མཆན་ཡིག་ཆའི་ཨང་རྟགས་བཀོད་མེད་པའི་ཡོངས་བསྒྲགས་ཁྱབ་སྤེལ་བྱས་པའི་སྨན་བཅོས་དང་། སྨན་རྫས། སྨན་བཅོས་ཡོ་བྱད། ལུས་ཁམས་བདེ་སྲུང་བཟའ་བཅའ་སོགས་ཀྱི་བརྡ་ཁྱབ་དང་། གཉེར་སྐྱོང་ཞབས་ཞུའི་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཚོང་ཟོག་གམ་ཡང་ན་ཞབས་ཞུའི་འབྲེལ་ཡོད་ཁས་ལེན་ཆ་འཕྲིན་དང་དོན་དངོས་གནས་ཚུལ་དང་མི་མཐུན་པའི་བརྡ་ཁྱབ་རྫུན་མ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དང་། བསྡོམས་རྩིས་དཔྱད་གཞི། བརྟག་དཔྱད་མཇུག་འབྲས། རྩོམ་ཡིག་གནད་བསྡུས། ལུང་འདྲེན་སོགས་ཀྱི་ཆ་འཕྲིན་བདེན་དཔང་རྒྱུ་ཆ་བྱེད་པའི་མཚམས་སྦྱོར་བརྡ་ཁྱབ་རྫུན་མ། སྨན་བཅོས་དང་། བདེ་ཐང་། ལུས་གསོའི་ཤེས་བྱ་སོགས་ངོ་སྤྲོད་བྱེད་པའི་རྣམ་པའི་ཐོག་ནས་ཁྲིམས་འགལ་གྱི་བརྡ་ཁྱབ་རྫུས་མ་ཐད་ཀར་རམ་གཞན་བརྒྱུད་ཐོག་ནས་སྤེལ་བ། ཆོག་མཆན་ཐོབ་པའི་ནང་དོན་ལས་བརྒལ་བའི་སྨན་བཅོས་དང་ལུས་ཁམས་བདེ་སྲུང་གི་ནུས་པ་དང་། ནད་རིགས་སྣ་ཚོགས་སྨན་བཅོས་ཐུབ་པར་འགན་ལེན་བྱེད་པ། ནད་རྟགས་ཡོད་ཚད་དང་དེ་བཞིན་དྲག་བཅོས་ཀྱི་ཚད་དང་འཚམ་པའི་མཚམས་སྦྱོར་བརྡ་ཁྱབ་དྲིལ་བསྒྲགས་བྱེད་པ། ཐོན་རྫས་ཀྱི་ཕན་ནུས་སྒྲོ་འདོགས་བྱས་ནས་ཟས་རིགས་(ལུས་ཁམས་བདེ་སྲུང་ཟས་རིགས་)ལ་ནད་རིགས་སྨན་བཅོས་ཀྱི་ནུས་པ་ལྡན་པའི་མཚམས་སྦྱོར་བརྡ་ཁྱབ་དྲིལ་བསྒྲགས་བྱེད་པ། མིང་དོན་བརྗེ་བ་དང་། རིན་གོང་འཕར་བའི་བར་སྟོང་ལ་སྒྲོ་འདོགས་བྱེད་པ། ཆེད་ལས་ཀྱི་ཐ་སྙད་རྫུན་མ་སོགས་ཀྱིས་འཛད་སྤྱོད་པར་མགོ་སྐོར་བཏང་ནས་བསྡུ་ཉར་དངོས་རྫས་དང་ས་ཁང་བདག་ཁོངས་སོགས་ཀྱི་མཚམས་སྦྱོར་བརྡ་ཁྱབ་ལ་གོ་ནོར་ཐེབས་སུ་འཇུག་པ། ཡོང་འབབ་མཐོ་བ་དང་། ཕྱིར་འབབ་མཐོ་བ། ཉེན་ཁ་མེད་པ་སོགས་བསླུ་བྲིད་བྱེད་པའི་ཁྲིམས་འགལ་དངུལ་རྩའི་རྒྱུ་ནོར་བདག་གཉེར་སྐོར་གྱི་མཚམས་སྦྱོར་བརྡ་ཁྱབ་དང་། དགུན་དུས་གུང་གསེང་རིང་སློབ་རིམ་འཕར་བ་དང་། རྒྱུགས་ལེན་པ། བསླབ་གནས་ཐོབ་པའི་སློབ་རྒྱུས་སམ་ཡང་ན་ཚད་ལོན་ལག་ཁྱེར་སོགས་གསོ་སྦྱོང་གི་འགན་ལེན་རང་བཞིན་གྱི་ཁས་ལེན་བརྡ་ཁྱབ་ཡོངས་བསྒྲགས་བྱ་རྒྱུ་དང་། ཚན་རིག་ཞིབ་འཇུག་སྡེ་ཚན་དང་། རིག་གཞུང་ལས་ཁུངས། སློབ་གསོའི་ལས་ཁུངས། ལས་རིགས་མཐུན་ཚོགས། ཆེད་ལས་མི་སྣ། ཕན་ཆ་ཐོབ་མཁན་བཅས་ཀྱི་མིང་ཐོག་གམ་ཡང་ན་གཟུགས་བརྙན་ལ་བརྟེན་ནས་མཚམས་སྦྱོར་དང་། ར་སྤྲོད་སློབ་གསོ། གསོ་སྦྱོང་བཅས་བྱེད་པའི་མཚམས་སྦྱོར་བརྡ་ཁྱབ་བཅས་ཡིན།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།