མགོ་ལོག་ཁུལ་གྱིས“ཏང་ཡོན་རྒན་པའི་གཞུང་ལས་ཅོག་ཙེ”ཞེས་པའི་ཏང་འཛུགས་སྐྲུན་གྱི་དཔེ་དབྱིབས་གསར་པ་ཞིག་གསར་སྐྲུན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་ཡང་བསྐྱར་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྒན་པ12རྩ་འཛུགས་བྱས་ནས་རྨ་ཆེན་རྫོང་གི་སྡེ་ཁུལ་དྲུག་ལ་སོང་བ་དང་།“ཏང་ཡོན་རྒན་པའི་གཞུང་ལས་ཅོག་ཙེ”ཞེས་པའི་བྱེད་སྟངས་ལ་བརྟེན་ནས། སྡེ་ཁུལ་གྱི་བྱ་བ་སྣ་ཚོགས་ལ་ཞུགས་ཤིང་དེར་གང་ཕན་གྱིས་མཛུབ་སྟོན་བྱས་པས། ས་དེ་གའི་མང་ཚོགས་ཀྱིས་གདེང་འཇོག་བཟང་པོ་བྱས།

མགོ་ལོག་ཁུལ་གྱིས“ཏང་ཡོན་རྒན་པའི་གཞུང་ལས་ཅོག་ཙེ”ཞེས་པའི་རྣམ་པར་བརྟེན་ནས། རང་ཉིད་ཀྱིས་རང་ཉིད་མཚམས་སྦྱོར་བྱེད་པ་དང་མང་ཚོགས་ཀྱིས་མཚམས་སྦྱོར་བྱེད་པ། རྩ་འཛུགས་ཀྱིས་འདེམས་མངགས་བྱེད་པ་བཅས་ཀྱི་བྱེད་སྟངས་སྤྱད་དེ། འདེམས་མངགས་བྱས་པའི་ཏང་ཡོན་རྒན་པ་དག་གིས་སྡེ་ཁུལ་གྱི་ཏང་འཛུགས་སྐྲུན་བྱ་བའི་ཁྲོད་དུ་མཛུབ་སྟོན་གྱི་ནུས་པ་ཆེན་པོ་ཐོན་པར་མ་ཟད། ཕན་ནུས་ལྡན་པས་མང་ཚོགས་ལ་འབྲེལ་གཏུགས་བྱས་ཏེ། ཧུར་ཐག་གིས་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་། སྡེ་ཁུལ་གྱི་བྱ་བ་སྣ་ཚོགས་ལ་ཞབས་ཞུ་བསྒྲུབས་ནས། ཚད་ཆེན་པོས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི“མཐའ་མཇུག་གི་སྤྱི་ལེ་གཅིག”གི་དཀའ་ངལ་གནད་དོན་ཐག་གཅོད་བྱས།

མགོ་ལོག་ཁུལ་གྱི“ཏང་ཡོན་རྒན་པའི་གཞུང་ལས་ཅོག་ཙེ”སྡེ་ཁུལ་དུ་སྐྱོད་པའི་བྱ་འགུལ་དེ་རྒྱ་ཁྱབ་ཏུ་སྤེལ་བའི་ཚུན་དུ། སྡེ་ཁུལ་གྱི་ཏང་འཛུགས་སྐྲུན་བྱ་བ་ཅུང་ཟད་ཉམས་ཞན་ཡིན་པའི་དོན་དངོས་གནས་ཚུལ་ལ་དམིགས་ཏེ། ཧུར་ཐག་གིས“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་རྩ་འཛུགས་འཚོ་བ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་ལ་སོགས་པའི་ལམ་ལུགས་ནང་ལྟར། དུས་ཐོག་ཏུ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡི་ཏང་འཛུགས་སྐྲུན་གྱི་བྱ་བར་ཏན་ཏིག་གིས་མཛུབ་སྟོན་བྱས་པ་དང་། གྲོས་ཚོགས་དང་འབྲེལ་བའི་བྱ་འགུལ་རྩ་འཛུགས་བྱས་ནས་སྤེལ་བར་མ་ཟད། སྡེ་ཁུལ་གྱི“ཏང་འཛུགས་སྐྲུན་གྱི་བློ་འདོན་པ”བཟང་པོ་ཞིག་ཧུར་བརྩོན་གྱིས་བྱེད་ཅི་ཐུབ་བྱས། དུས་མཚུངས་སུ། ཏང་ཡོན་རྒན་པས་རྒྱ་བོད“སྐད་གཉིས”ཀྱི་དམིགས་བསལ་ལེགས་ཆ་བེད་སྤྱད་ནས། རང་འགུལ་སྒོས་སྡེ་ཁུལ་གྱི་ཏང་ཡོན་རྣམས་ལ་ཏང་གི་ཤེས་བྱའི་སྐོར་གྱི་སློབ་ཁྲིད་བྱས་པ་དང་། སྡེ་ཁུལ་ལ་རོགས་འདེགས་བྱས་ནས་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ཤིང་། རྩོད་གླེང་འགལ་ཟླའི་བྱ་བ་ཞི་སེལ་དང་འདུམ་འགྲིག་ཐག་གཅོད་བྱས་ནས། རྒྱུན་མི་ཆད་པར་སྡེ་ཁུལ་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཆུ་ཚད་ཇེ་མཐོར་བཏང་བ་དང་། སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་དམིགས་འདུན་མཐའ་གཅིག་ཏུ་མང་ཚོགས་ལ་གཏོད་པ་དང་། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་གོང་ནས་གོང་དུ་མཐོར་འདེགས་སུ་བཏང་།

དུས་མཚུངས་སུ། ཏང་ཡོན་རྒན་པས་ད་དུང་གཅིག་བསྡུས་ཀྱིས་སྒྲོག་བཤད་དང་མི་རེ་འགས་གླེང་མོལ་བྱེད་པ། མང་ཚོགས་ཀྱིས་ཡིག་སྐུར་ངོ་གཏུག་བྱེད་པ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས། འབྲོག་པ་མང་ཚོགས་ལ་བསམ་ཚུལ་དང་ཡིད་ཀྱི་མྱོང་ཚོར་བརྗོད་པ། འཕེལ་རྒྱས་དང་འགྱུར་ལྡོག་གནས་ཚུལ་བརྗོད་པ་བཅས་བྱས་པར་མ་ཟད། ཏང་གི་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ། དབུལ་ཐར་འགག་སྒྲོལ། བསམ་པའི་དཔལ་ཡོན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ནང་དོན་རྣམས་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ཤིང་། ད་དུང་ཏང་ཡོན་རྒན་པ་རྣམས་ལས་རིགས་མི་འདྲ་བ་སོ་སོ་ནས་ཡོང་བའི་ཁྱད་ཆོས་ལ་ཟུང་དུ་སྦྲེལ་ཏེ། ཧུར་ཐག་རང་འགུལ་སྒོས་སྡེ་ཁུལ་གྱི་མང་ཚོགས76ཙམ་ལ་ཁྱིམ་ཐོ་འགྲོ་ལུགས་བསྒྲུབས་པ་དང་། སྤྱི་ཚོགས་འགན་སྲུང་རེ་ཞུ་བྱས་ཤིང་། སྨན་བཅོས་ཉེན་སྲུང་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་ཀྱི་བློ་འདྲིའི་ཞབས་ཞུ་མཐའ་དག་འདོན་སྤྲོད་བྱས་ཡོད་པས། མང་ཚོགས་རྣམས་སྡེ་ཁུལ་གྱི་ཕྱི་རོལ་ཏུ་མ་སོང་ཡང་དབུལ་སྐྱོར་དང་དམངས་སྲིད། སློབ་གསོ་ལ་སོགས་པའི་འབྲེལ་ཡོད་སྲིད་ཇུས་དང་ལས་སྒོའི་འགྲོ་རིམ་ཚང་མ་རྒྱུས་ལོན་གསལ་པོ་ཞིག་ཡོད་དུ་འཇུག་ཐུབ་པའི་རྐྱེན་གྱིས། འབྲོག་པ་མང་ཚོགས་རྣམས“ཀྱག་ཀྱོག་གི་ལམ་དུ་འགྲོ་བ་དང་ཐང་ཆད་རག་བར་རྒྱུག”པའི་གནས་ཚུལ་ཐམས་ཅད་ཇེ་ཉུང་དུ་ཕྱིན་ཡོད།

མིག་སྔའི་བར་དུ། ཏང་ཡོན་རྒན་པ་རྣམས་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡི“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”གི་བྱ་འགུལ་ཐེངས17ལ་ཞུགས་ཤིང་མཛུབ་སྟོན་བྱས་པར་མ་ཟད། རང་འགུལ་སྒོས་ཏང་གི་སློབ་ཁྲིད་ཐེངས3བྱས་པ་དང་། འགལ་ཟླ་རྩོད་གླེང་སྣ་ཚོགས་ཐེངས5འདུམ་འགྲིག་བྱས་ཤིང་། གཅིག་བསྡུས་ཀྱིས་སྒྲོག་བཤད་ཐེངས3བྱས་པ་དང་། ངོ་བཅར་གཏུག་བཤེར་དུ་ཡོང་བའི་མང་ཚོགས་མི80ལྷག་སྣེ་ལེན་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།