མཚོ་སྔོན་མི་རིགས་སློབ་ཆེན་ལ་སློབ་གསོ་པུའུ་ཡི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་ལས་གཞི་གལ་ཆེན་སྒྲུབ་ཆོག་པའི་ཆོག་མཆན་ཐོག་མར་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་པུའུ་སྤྱི་ཚོགས་ཚན་རིག་སིས་2019ལོའི་ལོ་འཁོར་གྱི་སློབ་གསོ་པུའུ་ཡི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ཞིབ་འཇུག་བྱ་གཞི་གལ་ཆེན་གྱི་འགག་སྒྲོལ་ལས་གཞི་མགོ་བཙུགས་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། རྒྱལ་ཡོངས་སུ་ལས་གཞི་ཁག་49ལ་ཆོག་མཆན་སྤྲད་པ་དང་། མི་རིགས་མཐོ་སློབ་གསུམ་གྱི་ལས་གཞི་མིང་ཐོ་དེར་ཚུད་ཡོད། མཚོ་སྔོན་མི་རིགས་སློབ་ཆེན་གྱི་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཝང་མེ་ཧྭ་དབུ་བཞུགས་ཆེད་མཁས་ཡིན་པའི་ཡིག་ཐོག་སྙན་ཞུ་“མིང་ཆིང་སོག་རིགས་ཀྱི་ལོ་རྒྱུས་རྩོམ་རིག་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག”ལ་ལས་གཞི་འཛུགས་ཆོག་པའི་ཆོག་མཆན་ཐོབ་པ་རེད།

ཤེས་གསལ་ལྟར་ན། དེ་ནི་མཚོ་སྔོན་མི་རིགས་སློབ་ཆེན་ལ་སློབ་གསོ་པུའུ་ཡི་ལས་གཞི་གལ་ཆེན་སྒྲུབ་ཆོག་པའི་ཆོག་མཆན་ཐོབ་ཐེངས་དང་པོ་ཡིན་ལ། མིག་སྔར་མཚོ་སྔོན་ཞིང་ཆེན་དུ་ཡོད་པའི་སློབ་གསོ་པུའུ་ཡི་ལས་གཞི་གལ་ཆེན་གཅིག་པུ་ཡང་ཡིན་པར་མ་ཟད། སློབ་གྲྭ་དེའི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཚན་རིག་ཞིབ་འཇུག་གི“ཚད་བརྒལ་གཉིས་མངོན་འགྱུར་བྱེད་པའི”ལྟེ་བའི་ལས་འགན་དམིགས་ཚད་ཀྱི་གྲས་ཤིག་ལ་སྒྲུབ་འགན་སྤྲོད་རྒྱུའི་ལས་གཞི་གལ་ཆེན་ཐད་ནས་ཐོད་བརྒལ་གསར་པ་བྱུང་བ་ཞིག་ཀྱང་ཡིན་པ་རེད།

ལས་གཞི་དེར་ཆོག་མཆན་ཐོབ་པ་དེས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཀྲུང་གོའི་སྐད་ཡིག་རྩོམ་རིག་ཞིབ་འཇུག་ཁྱབ་ཁོངས་སུ་ཞིབ་འཇུག་གི་ལས་འགན་གལ་ཆེན་འཁུར་བའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་མངོན་པས། སློབ་གྲྭའི་ཆེད་མཁས་པ་དང་མཁས་པ་རྣམས་ཀྱིས་སློབ་གསོ་པུའུ་ཡི་ལས་གཞི་གལ་ཆེན་ལ་རེ་ཞུ་བྱེད་པའི་ཧུར་བརྩོན་རང་བཞིན་མཐོ་རུ་འདེགས་ངེས་པ་དང་། སློབ་གྲྭའི་ཀྲུང་གོའི་སྐད་ཡིག་རྩོམ་རིག་རིག་ཚན་འཕེལ་རྒྱས་དང་འབུམ་རམས་པའི་ས་ཚིགས་རེ་ཞུ་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།