ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་བ་ཟི་ལིང་ནས་ཚོགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་གསུམ་ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་བ་ཟི་ལིང་ནས་ཚོགས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོ་ཡུང་དང་རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན། མ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། དྲུང་ཡིག་ཆེན་མོ་ཝང་ཅིན་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རེ་གཅིག་བཅས་གྲོས་ཚོགས་ལ་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མ་ཀྲི་ཝེ་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་ཟླ་དང་པོའི་ཚེས་བཅུ་བཞི་ཉིན་ཟི་ལིང་ནས་འཚོགས་རྒྱུ་རེད། ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་དང་སྙན་ཞུའི་མི་སྣའི་མིང་ཐོ་ལ་གྲོས་འཆམ་བྱུང་བར་མ་ཟད། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་དང་གྲོས་གཞི་བྱ་བའི་སྙན་ཞུའི་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རྒྱུན་མཐུད་སྒོས་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་རེ་བ་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་བྱ་བའི་འགན་འཁྲི་དང་ལས་འགན། སྤྱིའི་རེ་བ་དང་བྱ་བའི་གནད་ས་བཅས་གསལ་བོར་ཤེས་པར་བྱེད་པ་དང་། སྲིད་གྲོས་བྱ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་ཕན་འབྲས་ཇེ་མང་དུ་འགྲོ་བར་སྐུལ་འདེད་གཏོང་བར་མ་ཟད། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་དང་སྟོབས་ཤུགས་གཅིག་བསྡུས་བྱེད་པའི་ཆབ་སྲིད་འགན་འཁྲི་དང་ལེན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།