ལིག་ཐའོ་ཡིས་ཀྲུང་གོ་མཚོ་ཤར་གྱི་རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པའི་ཆེད་དོན་གྲོས་ཚོགས་སྟེང་ནས་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཀྲུང་གོ་མཚོ་ཤར་གྱི་རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པའི་བྱ་བར་ཆེད་དོན་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རང་བདག་འགན་འཁྲི་ཁ་གསལ་བཟོས་ཏེ། མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གིས་འགན་འཁྲི་ཏན་ཏིག་གིས་བསྒྲུབ་ནས་ལས་ཀའི་ཆེད་དོན་འཛིན་གྲྭ་འཛུགས་པ་དང་། འགན་འཁྲི་ལས་བགོས་ཁ་གསལ་བཟོ་བ། སྒྲིག་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་པ། འབྲེལ་ཡོད་སྡེ་ཁག་གིས་རང་འགུལ་ངང་ལས་ཀར་འཇུག་པ་དང་། དེ་འབྲེལ་གྱི་བྱ་བའི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ། ལས་དོན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱེད་དགོས། ལག་བསྟར་ཇུས་གཞི་བཟོ་བ་དང་རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན་ནས་ཆ་འཕྲིན་མཉམ་སྤྱོད་དང་དངུལ་རྩའི་ཞབས་ཞུ། ཤེས་ནུས་ཞབས་ཞུ། དྲ་ཐོག་ཚོང་དོན་ཡིད་རྟོན། བསྡོམས་རྩིས་ལྟ་ཞིབ་ཚད་ལེན། ཉེན་ཁ་སྔོན་འགོག་ཚོད་འཛིན་བཅས་ཀྱི་མ་ལག་ཆེན་པོ་དྲུག་འཛུགས་དགོས། ཁྲོམ་རའི་སྟོན་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་བསྡུས་ཚོད་ལྟའི་གྲོང་ཁྱེར་གཞན་དག་གི་ཕན་ཡོད་ཉམས་མྱོང་དཔྱད་གཞིར་འཛིན་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་ལ་བཀོད་སྒྲིག་ཇུས་འགོད་བྱེད་པ། ཐོན་ལས་གསར་བརྗེའི་འཕེལ་ཕྱོགས་གསར་པ་དང་ཧུར་ཐག་གིས་འཚམ་པོ་ཡོང་བར་བྱེད་པ་བཅས་བྱས་ནས། གློག་རྡུལ་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཁའ་དབུགས་ལེགས་པོ་བསྐྲུན་པ་དང་སྲིད་ཇུས་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་དང་ཆེད་དོན་བཅར་འདྲི་སོགས་ཀྱི་རྣམ་པ་བརྒྱུད་དེ། ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་དམིགས་ཚད་ལས་འགན་དང་སྲིད་ཇུས་རྒྱབ་སྐྱོར། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།