ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ12པའི་ཚེས31ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་སྔར་བས་བཟང་པོ་སྒྲུབ་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད་ཞིང་ཆེན་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་གིས་མཉམ་འབྲེལ་གྱིས་བརྡ་ཐོ་བཏང་ནས། 2020ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་གྱི“དུས་ཆེན་གཉིས”ཀྱི་རིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲོད་རྒྱུ་གཏན་འབེབས་བྱས་པ་རེད།
ད་ལོའི“དུས་ཆེན་གཉིས”ཀྱི་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་མུ་མཐུད་དུ་ལོ་སྔོན་མར་སྤྲད་པའི་འཚོ་བའི་ཁ་གསབ་ཚད་གཞི་རྒྱུན་འཁྱོངས་བྱས་སྟེ། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་མི་རེར་སྒོར500དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་གསོ་སྐྱོང་བྱ་ཡུལ་མི་རེར་སྒོར400ཡིན་ལ། རྒྱལ་ཁབ་ཀྱི་འཆི་གོད་གྱོང་གསབ་རོགས་དངུལ་ལོངས་སྤྱོད་བྱ་ཡུལ་གྱི་གཙོ་གནད་གཟིགས་སྐྱོང་བྱ་ཡུལ་དང་རྒྱལ་ཁབ་མ་བཙུགས་སྔོན་གྱི་ཏང་ཡོན་རྒན་གྲས་མི་རེར་སྒོར560ཡིན་པ་རེད། ད་ཐེངས་ཀྱི“དུས་ཆེན་གཉིས”ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི38.17དང་འབྲེལ་བ་ཡོད་པ་དང་། སྔོན་དཔག་བྱས་པ་ལྟར་ན་མ་དངུལ་སྒོར་དུང་ཕྱུར1.61གཏོང་འཆར་ཡོད་པ་རེད། ད་ལོའི་བར་མཚོ་སྔོན་ཞིང་ཆེན་གྱིས་ལོ9ལ་བསྟུད་མར“དུས་ཆེན་གཉིས”ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི595.42ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར16.7སྤྲད་པ་རེད།
མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་གིས་ས་གནས་ཁག་གི“དུས་ཆེན་གཉིས”ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲོད་པའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། མཐུན་སྦྱོར་གཞོགས་འདེགས། ལས་ཀའི་ཇུས་གཞི་ནན་ཏན། དུས་ཐོག་ཏུ་གཏོང་སྤྲོད་བྱེད་པའི་བྱ་བ་སྒྲིག་འཛུགས་བཅས་བྱས་ནས། “དུས་ཆེན་གཉིས”ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་དུས་ཐོག་ཏུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལག་ཏུ་འཕྲོད་དགོས་པའི་བླང་བྱ་བཏོན་པ་རེད། དེ་དང་ཆབས་ཅིག་ས་གནས་ཁག་ལ་དྲིལ་བསྒྲགས་ལས་དོན་བཟང་པོ་བསྒྲུབས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་གང་ལེགས་ཚོར་ཐུབ་པ་བྱ་དགོས་པའི་བླང་བྱ་བཏོན་པ་རེད། དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་དབུལ་པོར་དུས་ཐོག་ཏུ་སྐབས་འཕྲལ་རོགས་སྐྱོར་སོགས་ཀྱི་ཐབས་ལམ་བརྒྱུད་གནད་དོན་ཐག་གཅོད་བྱེད་དགོས་པར་བསྟན། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ“དུས་ཆེན་གཉིས”ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.61སྤྲད་པ།